ཉི་ཧོང་གི་དགོན་སྡེ་ཁག་ནས་བོད་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་པ།

ཉི་ཧོང་རྒྱལ་ཁབ་ཀྱི་Sotoshu schools of Japanese Zen Buddhismབསམ་གཏན་པའི་ཆོས་རྒྱུད་ཁག་དགུ་མཉམ་རུབ་ཀྱི་ལམ་ནས། བོད་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་དང་། ཆོས་དད་རང་དབང་གི་ཐོག་དྲག་གནོན་བྱེད་བཞིན་པ་མཚམས་འཇོག་དགོས་པའི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་མ་ཟད། ཁོ་ཚོའི་ཆོས་རྒྱུད་གྲུབ་མཐའ་ཁག་གི་སྐུ་ཚབ་དགེ་སློང་Hayashi Shuei of Jorinji Templeལགས། སྤྱི་ཟླ་༩པའི་ཚེས་༡༢ཉིན་ཉི་ཧོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱི་སར་ཆེད་བཅར་གནང་ཡོད་པར་བརྟེན། དགོན་སྡེ་ཁག་དགུ་ནས་བོད་དོན་སྐོར་བསྒྲགས་གཏམ་སྤེལ་བ་ལས་ཁུངས་སུ་བསྐྱལ་དུ་སླེབས་ཡོད་པ་དང་། དེའི་ནང་རྒྱ་ནག་གཞུང་གིས་སོ་སོའི་རྩ་ཁྲིམས་དང་བཅའ་ཁྲིམས་ནང་། གྲངས་མི་རིགས་ལ་ས་གནས་རང་སྐྱོང་དང་ཆོས་དད་རང་དབང་། སོ་སོའི་སྐད་ཡིག་བཀོལ་སྤྱོད་ཀྱི་རང་དབང་ཡོད་པ་སོགས་འཁོད་ཡོད་ནའང་། དེ་ཚོ་རྒྱ་ནག་གཞུང་རང་གིས་རྡོག་རོལ་གཏོང་བཞིན་པ་དང་།ཆོས་ཁས་མི་ལེན་པའི་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཐོག་སྟངས་འཛིན་བྱས་ན་མི་འགྲིག་པ། བོད་ནང་འགྲོ་བ་མིའི་ཐོབ་དང་ཆོས་དད་རང་དབང་རྡོག་རོལ་མཚམས་འཇོག་དགོས་པ་འཁོད་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ཁོང་གིས་ཉི་ཧོང་གཞུང་དེ་དཔལ་འབྱོར་དང་ཚོང་ལས་ཀྱི་ཐོག་ནས་རྒྱ་ནག་གཞུང་ལ་བསྟུན་དགོས་པ་དང་། ཆབ་སྲིད་ཀྱི་ཐོག་ནས་ཨ་མི་རི་ཀའི་གཞུང་ལ་བསྟུན་དགོས་ཀྱི་ཡོད་པར་བརྟེན། ཉི་ཧོང་གཞུང་གིས་དེ་གཉིས་ཡོ་དྲང་དོ་སྙོམས་ཡོང་ཐབས་ཤུགས་ཆེ་གནང་གི་ཡོད་ནའང་། ཉི་ཧོང་གྲོས་ཚོགས་གོང་འོག་གཉིས་ཀྱི་ཐོག་ནས་བོད་དང་ཡུ་གུརུ། ཧོང་ཀོང་བཅས་སུ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་མཚམས་འཇོག་དགོས་པ་གྲོས་ཆོད་གསལ་བོ་བཞག་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཉི་ཧོང་གི་Sotoshuདགོན་སྡེ་ཁག་གིས་བོད་དོན་རྒྱབ་སྐྱོར་དང་རྒྱ་ནག་གཞུང་ལ་འབོད་སྐུལ་གྱི་དོན་ཚན་ཁག་བདུན་ཡོད་པ་ནི། རྒྱ་ནག་གཞུང་གིས་རྩ་ཁྲིམས་དོན་ཚན་༤པའི་ནང་འཁོད་བཞིན། བོད་ནང་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་ལག་བསྟར་བྱེད་དགོས་པ་དང་། རྩ་ཁྲིམས་དོན་ཚན་༡༠དང་༡༡པའི་ནང་འཁོད་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་རང་དབང་སྤྲོད་དགོས་པ། ༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་ཁོང་གི་ནང་མི་གར་ཡོད་གསལ་བོ་བཟོ་དགོས་པ། བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་བོད་མིའི་ངོ་བོ་དང་སྐད་ཡིག་རིག་གཞུང་རྒྱ་བསྒྱུར་གྱི་སྲིད་བྱུས་ལ་ངོ་རྒོལ་ཡོད་པ། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་ཕྱོགས་ཀྱི་བྱ་བར་ཇུས་འཁྲི་དམ་དྲག་བྱས་པར་ངོ་རྒོལ་ཡོད་པ། ༧རྒྱལ་བའི་ཡང་སྲིད་ཚུད་པའི་བོད་ཀྱི་བླ་སྤྲུལ་ངོས་འཛིན་གྱི་ཐོབ་ཐང་བོད་མི་ཁོ་ནར་ཡོད་དགོས་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་གིས་ངོས་འཛིན་གྱི་སྤྲུལ་སྐུ་རྣམས་ངོས་ལེན་བྱ་མི་རུང་བ་བཅས་ཡིན་པ་རེད། འདི་ལོ་སྤྱི་ཟླ་དང་པོའི་ནང་དུའང་ཉི་ཧོང་ནང་པའི་མནའ་འབྲེལ་མཐུན་ཚོགས་Japanese Buddhist Conference for World Federationཀྱིས། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ཐུན་མོང་མ་ཡིན་པའི་ལམ་སྲོལ་ལྟར། མ་འོངས་པར་༧རྒྱལ་བའི་ཡང་སྲིད་བོད་མི་ཚོས་ངོས་འཛིན་ཐག་གཅོད་བྱེད་དགོས་པ་མ་གཏོགས། རྒྱ་ནག་གཞུང་གིས་དེ་ལ་ཐེ་ཇུས་མཚམས་འཇོག་བྱེད་དགོས་པ་སོགས་ཡོངས་བསྒྲགས་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།