བོད་ཀྱི་གསོ་རིག་མཁས་པ་དང་བོད་ལྗོངས་གསོ་རིག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དབྱངས་དགའ་ལགས་སྐུ་གཤེགས་ཡོད་འདུག
ཕྱི་ཟླ་༡༢ཚེས་༡༨ཉིན་བོད་ཀྱི་གསོ་བ་རིག་པའི་ཆེད་མཁས་པ་དང་བོད་ལྗོངས་གསོ་རིག་སློབ་ཆེན་གྱི་འབུམ་རམས་ཞིབ་འཇུག་སློབ་དཔོན་དང་། བོད་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལས་དོན་ཆེད་མཁས་པ་དབྱངས་དགའ་ལགས་སྐུ་གཤེགས་ཡོད་པ་དང་། ཁོང་ལ་དེ་སྔ་ནས་ན་ཚ་ཞིག་གི་རྐྱེན་གྱིས་སྨན་ཁང་དུ་བཞུགས་དགོས་བྱུང་ཡོད་པ་དང་། སྐུ་གྲོངས་རྐྱེན་གྱི་ན་ཚ་ཅི་ཞིག་ཡིན་ཤེས་རྟོགས་མ་སོང་ན་ཡང་། རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་སྐུ་གཤེགས་ཡོད་པ་དང་། ཁོང་ནི་བོད་ནང་གི་མདོ་དབུས་ཁམས་གསུམ་ནས་ཡོང་བའི་སློབ་མ་འབོར་ཆེན་གསོ་སྐྱོང་མཛད་མྱོང་མཁན་དང་། བོད་ཀྱི་གསོ་རིག་དང་བོད་རིག་པའི་སྐོར་ལ་དཔྱད་རྩོམ་སོགས་མང་པོ་སྤེལ་མྱོང་མཁན་མཁས་དབང་ཞིག་ཡིན་པ། བོད་ནང་གི་འབྲེལ་ཡོད་ཤེས་ཡོན་པ་ཞིག་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་བརྒྱུད་འགྲེལ་བརྗོད་གནང་བྱུང་།
སློབ་དཔོན་ཆེན་མོ་དབྱངས་དགའ་ལགས་ནི་བོད་ལྗོངས་བོད་ལུགས་གསོ་རིག་ཚད་ལྡན་ཅན་གྱི་ལག་རྩལ་ལྷན་ཚོགས་ཀྱི་འགན་འཛིན་ཀྱང་ཡིན་པ་དང་། ཁོང་སྐུ་གཤེགས་པའི་གནས་ཚུལ་དང་འབྲེལ་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས། སྤྱི་ཚོགས་དྲ་ལམ་ཁག་ཏུ་གདུང་སེམས་མཉམ་སྐྱེད་དང་མྱ་ངན་མཚོན་པའི་པར་རིས་དང་ཡི་གེ་མང་དག་ཅིག་སྤེལ་སོང་ལ། བོད་ནང་གི་བོད་མི་ཞིག་གིས་སློབ་དཔོན་ཆེན་མོ་དབྱངས་དགའ་ལགས་སྐུ་གཤེགས་པ་དེ་བོད་ཀྱི་གསོ་རིག་ལ་གྱོང་གུད་ཆེན་པོ་ཞིག་ཡིན་པ་དང་། སློབ་དཔོན་ཁོང་གི་དུས་རྟག་ཏུ་བོད་ཀྱི་གསོ་རིག་གི་བདག་དབང་བོད་ལ་དབང་དགོས་པའི་འབོད་སྒྲ་སྒྲོག་མཁན་ཞིག་ཡིན་སྐོར་སོགས་བྲིས་འདུག
སློབ་དཔོན་ཆེན་མོ་དབྱངས་དགའ་ལགས་ནི་ཕྱི་ལོ་༡༩༦༦ལོར་ཁམས་སྟོད་ནགས་ཤོད་དམ་དེང་སྐབས་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་དུ་སྐྱེས་ཤིང་། ཁོང་གིས་བོད་ཀྱི་མཁས་དབང་ཆེན་པོ་ཁྲོ་རུ་ཚེ་རྣམ་མཆོག་དང་ཚུལ་ཁྲིམས་རྒྱལ་མཚན་གཉིས་དགེ་རྒན་དུ་བརྟེན་ནས། བོད་ཀྱི་རིག་གནས་ཆེ་ཆུང་བཅུ་ལ་སློབ་གཉེར་དང་། ཕྱི་ལོ་༢༠༠༣ལོར་བོད་ལྗོངས་གསོ་རིག་སློབ་ཆེན་དུ་བོད་ཀྱི་གསོ་རིག་རབ་འབྱམས་པ་སློབ་མཐར་སོན་ཡོད་པ་དང་། དེའི་རྗེས་ཨ་རིའི་ཧ་ཝ་ཊི་གཙུག་ལག་སློབ་ཆེན་དུ་ལོ་རྒྱུས་རིག་པ། མི་རིགས་རིག་པ། ཐུན་མོང་འཕྲོད་བསྟེན་རིག་པ། བོད་རིག་པ། ལེགས་སྦྱར་སྐད། ཧྥ་རན་སིའི་སྐད་ཡིག་སོགས་ལ་སློབ་གཉེར་གྱིས་འབུམ་རམས་པའི་བསླབ་པ་མཐར་སོན་རྗེས། ཕྱི་ལོ་༢༠༡༠ཕྱིར་བོད་དུ་ཕེབས་སྟེ་བོད་ཀྱི་རིག་གནས་སྤྱི་དང་། ལྷག་པར་བོད་ཀྱི་གསོ་བ་རིག་པ་དང་། གསོ་རིག་ལོ་རྒྱུས།གསོ་རིག་དཔེ་རྙིང་སོགས་ལ་ལོ་མང་རིང་ཉམས་ཞིབ་གནང་ཡོད་འདུག
དམ་པ་ཁོང་ཨ་རིའི་ཧ་ཝ་ཊི་གཙུག་ལག་སློབ་ཆེན་གྱི་གདན་ཞུས་མཁས་དབང་དང་། འཆད་ཁྲིད་དགེ་རྒན།ཨ་རིའི་མིས་ཤིས་ཀན་སློབ་ཆེན་(University of Michigan)གཙོས་སློབ་གྲྭ་ཆེན་མོ་ཁག་ཏུ་བཤད་ཁྲིད་སློབ་དཔོན་སོགས་གནང་མྱོང་ཡོད་པ་དང་། ཁོང་གིས་བརྩམས་གནང་བའི་དཔེ་དེབ་ལ་བི་ཇིའི་པོ་ཏི་ཁ་སེར་དང་དེའི་དཔྱད་པ་མཁས་པ་དགྱེས་པའི་གཏམ། བོད་ལུགས་གསོ་བ་རིག་པའི་ཁོག་དབུབ་གཅེས་བཏུས་རིན་ཆེན་ཕྲེང་བ། གཡུ་ཐོག་གསར་རྙིང་གི་རྣམ་ཐར་དང་དེའི་སྐོར་གྱི་དཔྱད་པ་དྲང་གཏམ་རྣ་བའི་བུ་རམ་དང་། གཞན་ཡང་འདུ་བ་སྙོམས་པའི་མི་ལུས་ཏེ་བོད་ཀྱི་གསོ་རིག་གི་སྒྱུ་རྩལ་(Bodies in Balance: The Art of Tibetan Medicine)ཞེས་པའི་དཔེ་དེབ་ནང་གི་ལེའུ་བརྒྱད་པ་རྩོམ་སྒྲིག་སོགས་གནང་ཡོད་པ་དང་། འཆད་ཁྲིད་ལ་བོད་ཀྱི་གསོ་བ་རིག་པ་འཛམ་གླིང་ཁ་ཇི་ལྟར་ཕྱོགས་ཚུལ་དང་འགྲོ་བ་མི་དང་བོད་ཀྱི་གསོ་རིག་གི་ལས་དབང། གཡུ་རྙིང་གཙོ་ཆེའམ་གསོ་རིག་གི་བདག་དབང་གཙོ་ཆེ་སོགས་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།