བསོད་ནམས་ཡར་འཕེལ་མི་ལོ་དྲུག་གི་རྗེས་གློད་བཀྲོལ་བྱུང་འདུག
2014.05.15

ཏྲེ་ཧོར་ལྕོག་རི་ཡུལ་གྱི་ཆབ་སྲིད་བཙོན་པ་བསོད་ནམས་ཡར་འཕེལ་ལགས་མི་ལོ་དྲུག་གི་རྗེས་རྒྱ་ནག་གི་བཙོན་ཁང་ནས་གློད་བཀྲོལ་བྱུང་འདུག
དེ་ཡང་བོད་ནས་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ཏྲེ་ཧོར་ལྕོག་རི་ཡུལ་གྱི་བོད་མི་ཆབ་སྲིད་བཙོན་པ་བསོད་ནམས་ཡར་འཕེལ་ལགས་ཉིན་ཤས་གོང་གི་སྤྱི་ཟླ་༥་ཚེས་༧ཉིན་རྒྱ་ནག་གི་བཙོན་ཁང་ནས་གློད་བཀྲོལ་ཐོབ་ཡོད་པ་དང་། གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། ཁོང་གིས་སྤྱི་ལོ་༢༠༠༨ལོའི་སྤྱི་ཟླ་༣པའི་ཚེས་༢༤ནས་བྲག་འགོ་རྫོང་ཁོངས་ཏྲེ་ཧོར་ལྕོག་རི་ལུང་པའི་ནང་བོད་མི་ཚོས་བོད་ཀྱི་ས་ཁུལ་སྤྱི་མཚུངས་རྒྱ་ནག་གཞུང་ལ་ས་བྱི་ཞི་རྒོལ་བྱས་སྐབས་ཁོང་ལས་འགུལ་ལ་མཉམ་ཞུགས་དང་། དེ་བཞིན་ཕྱི་ཕྱོགས་སུ་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་མིང་འོག་ལོ་དེའི་སྤྱི་ཟླ་༤བའི་ཚེས་༢ཉིན་འཇུ་བཟུང་བྱས་པ་ཡིན་པ་དང་། དེ་ནས་རྗེས་སུ་དཀར་མཛེས་ཁུལ་འབྲིང་རིམ་མི་མང་ཁྲིམས་ཟེར་བས་མི་ལོ་༡༢རིང་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་ཟི་ཁྲོན་ཞིང་ཆེན་ཕྱོགས་སུ་ཡོད་པའི་ཁྲོན་ཆིན་ཞེས་པའི་ས་གནས་ཀྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་པ་ཡོད་ཀྱང་ཉེ་ལམ་གློ་བུར་བཙོན་བཀྲོལ་ཐོབ་པ་ནི་མི་ལོ་དྲུག་དང་ཟླ་གཅིག་ལྷག་གི་རྗེས་བཙོན་དུས་མ་གཙང་བར་བཙོན་བཀྲོལ་བཏང་བའི་རྒྱུ་མཚན་གསལ་བོ་མེད་པ་རེད། ཁོང་བཙོན་བཀྲོལ་ཐོབ་ནས་རང་ཁྱིམ་དུ་ཕྱིར་འབྱོར་སྐབས། ས་གནས་ཡུལ་མི་བརྒྱ་ཕྲག་མང་པོས་རྟེན་འབྲེལ་གྱི་ཁ་བཏགས་འཐེན་ཏེ་ཕེབས་བསུ་སྣེ་ལེན་ཟབ་རྒྱས་ཞུས་ཡོད་པ་ངོ་སྤྲོད་བྱས་ཡོད།
དེ་ཙ་ན་གོང་གི་བཙོན་བཀྲོལ་ཐོབ་མ་ཐག་པའི་བསོད་ནམས་ཡར་འཕེལ་ནི་བྲག་འགོ་ལྕོག་རི་ཡུལ་གྱི་དིལ་ཡུས་གྲོང་པ་ནས་ཡིན་པ་དང་། ད་ལྟ་རང་ལོ་༣༤་ཙམ་ཡིན་པ་རེད།
སྤྱི་ལོ་༢༠༠༨་ལོར་བྲག་འགོ་ཏྲེ་ཧོར་ཁུལ་གྱི་སེར་སྐྱ་མང་པོས་ཏྲེ་ཧོར་ཁྲོམ་གཞུང་དུ་ཞི་རྒོལ་བྱས་སྐབས་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་དང་དམག་མིས་དྲག་གནོན་བྱས་ནས་བོད་མི་ཀུན་དགའ་ཞེས་བའི་ཚེ་སྲོག་ཤོར་ཡོད་པ་རེད་འདུག
གསར་འགོད་པ་ཀླུ་འབུམ།