རྒྱ་ནག་གཞུང་གིས་བོད་མི་དྲྭ་ལམ་ཚོང་གཉེར་བ་བསོད་ནམས་ཆོས་འགྲུབ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

2024.12.16
རྒྱ་ནག་གཞུང་གིས་བོད་མི་དྲྭ་ལམ་ཚོང་གཉེར་བ་བསོད་ནམས་ཆོས་འགྲུབ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག བོད་མི་དྲྭ་ལམ་ཚོང་གཉེར་མཁན་བསོད་ནམས་ཆོས་འགྲུབ་འཛིན་བཟུང་དང་འབྲེལ་རྒྱ་ནག་གཞུང་གིས་ཁོང་གི་ནག་ཉེས་ཐེར་འདོན་གྱི་བརྡ་ཁྱབ་བཏང་བའི་པར་རིས། ༢༠༢༤། ༡༢ ནང་།
མི་སེར་གྱི་འདྲ་པར།

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་འགོར་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་གནམ་ཐང་ཡུལ་ཚོའི་བོང་སྟག་སྡེ་བ་ནས་ཡིན་པ། བོད་མི་དྲྭ་ལམ་ཚོང་གཉེར་བ་བསོད་ནམས་ཆོས་འགྲུབ་བམ་དྲ་མིང་ལ་ཨ་དགའ་དགེ་ལེགས་ཚང་། རྒྱ་ནག་གཞུང་འབྲེལ་བྲག་དཀར་རྫོང་སྤྱི་བདེ་མི་སྣས་འཛིན་བཟུང་བཙན་ཁྲིད་ཀྱིས་ད་ལྟའི་ཆར་བཀག་ཉར་འདྲི་རྩད་འོག་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་མི་བསོད་ནམས་ཆོས་འགྲུབ་ཀྱིས་ལོ་ཤས་སྔོན་ཁྲིམས་འགལ་བརྐུ་ཚོང་དང་། འཕྲོག་བཅོམ་སོགས་ཀྱི་ནག་ཉེས་བསགས་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་སྐོར་བརྗོད་བཞིན་ཡོད་ན་ཡང་། ཁྲིམས་འགལ་རིགས་དང་བརྐུ་འཕྲོག་གང་འདྲ་བྱས་ཡོད་སོགས་ཞིབ་ཕྲའི་གནས་ཚུལ་དམིགས་བསལ་མེད་སྐོར། ཁོང་དང་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་བོད་མི་དེས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། བོད་མི་ཚོང་གཉེར་བ་བསོད་ནམས་ཆོས་འགྲུབ་ལགས་ཟླ་ ༡༢ ཚེས་འགོར། གློ་བུར་རྒྱ་ནག་གཞུང་འབྲེལ་མི་སྣས་ཟི་ལིང་གནམ་ཐང་དུ་འཛིན་བཟུང་བྱས་ཡོད་པ་དང་། ཁོང་ནི་སྤྱི་ཚོགས་དྲྭ་ལམ་བེད་སྤྱོད་ཀྱིས་ཚོང་ལས་གཉེར་དེ། ད་ལྟའི་ཆར་བོད་ནང་གི་དྲྭ་ལམ་ཚོང་དཔོན་དང་ཕྱུག་བདག་ཆེན་པོར་ཆགས་ཡོད་པ་མ་ཟད། ཁོང་གིས་ཕྱི་ལོ་ ༢༠༢༢ ཙམ་ནས་བཟུང་བོད་ནང་གི་དབང་བོ་སྐྱོན་ཅན་སློབ་གྲྭ་དང་། རྒན་གསོ་ཁང་། ཁྱིམ་ཚང་དབུལ་པོ་སོགས་ལ་རྒྱ་སྒོར་ཁྲིད་ཚོ་མང་པོས་རོགས་སྐྱོར་བྱས་ཏེ། བོད་ནང་དུ་དྲྭ་ལམ་ཚོང་ལས་གཉེར་མཁན་ཚོའི་ཁྲོད་ནས་སྐད་གྲགས་ཆེ་ཤོས་ཤིག་དང་རོགས་སྐྱོར་ཕོན་ཆེན་བཏང་མཁན་ཞིག་ཆགས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༤ ནས་བཟུང་ཁོང་དང་བོད་ནང་གི་དྲྭ་ལམ་ཚོང་གཉེར་བ་གཉིས་མཉམ་འབྲེལ་ངང་བོད་ནང་གི་ས་ཁུལ་གང་སར། བོད་ཐུག་གི་ཟ་ཁང་མང་པོ་སྒོ་ཕྱེ་སྟེ་ཚོང་གཉེར་མགོ་ཚུགས་ཡོད་བྱས་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག

གོང་གསལ་གནས་ཚུལ་དང་འབྲེལ་རྒྱ་ནག་གཞུང་གིས་བརྡ་ཁྱབ་ཅིག་བཏང་ཡོད་པ། འབྲེལ་ཡོད་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བཏང་འབྱོར་བྱུང་བའི་ནང་། ཏང་ཀྲུང་དབྱང་གི་རྒྱུན་རྣམ་ཅན་གྱི་སྒོ་ནས་ནག་སེལ་ངན་འཇོམས་འཐབ་རྩོད་སྐོར་གྱི་བཀོད་སྒྲིག་བླང་བྱ་གཏིང་ཟབ་ཏུ་ལག་བསྟར་བྱེད་ཆེད། བོད་མི་བསོད་ནམས་ཆོས་འགྲུབ་དང་དོགས་ཡོད་ཉེས་ཅན་ཀུན་བཟང་རྡོ་རྗེ། བཙན་ཐར་རྒྱལ། བཀྲ་ཤིས་བློ་ལྡན་བཅས་འཛིན་བཟུང་བྱས་ཡོད་པས། གོང་གསལ་དོགས་ཡོད་ཉེས་ཅན་དག་གིས་ཁྲིམས་འགལ་གྱིས་གནོད་པ་བསྐྱལ་བའི་གནོད་འཚེ་ཕོག་མཁན་ཞིག་ཡིན་ཕྱིན། དོགས་པ་ཅི་ཡང་མེད་པའི་སྒོ་ནས་ཧུར་ཐག་གིས་སྤྱི་བདེ་ལས་ཁུངས་ལ་གོང་གཏུག་ཞུས་ཏེ། སྙིང་སྟོབས་ཆེན་པོས་སྒོ་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་དགོས་སྐོར་བརྗོད་འདུག་ན་ཡང་། གོང་གསལ་བོད་མི་གཞན་དེ་དག་གི་སུ་ཡིན་གཙོས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མེད་སྐོར་འབྲེལ་ཡོད་ནས་བརྗོད་བྱུང་།

སྤྱིར་དེང་སྐབས་བོད་ནང་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བོད་མི་ཚོས་ཡིད་གཟབ་དགོས་པའི་དྲན་སྐུལ་བྱེད་བཞིན་པའི་བརྙན་སོགས་མཐོང་རྒྱུ་འདུག་ལ། རྒྱ་ནག་གཞུང་གིས་དྲ་རྒྱའི་ཁོར་ཡུག་གཙང་བཟོ་ལ་ཁ་གཡར་ནས། དྲྭ་ལམ་ཚོང་དཔོན་ཚོ་གང་བྱུང་འཛིན་བཟུང་བྱེད་བཞིན་ཡོད་སྐོར་བརྗོད་མཁན་ཡོད་པ་དང་། བོད་མི་ཞིག་ནས་བརྙན་ལམ་བརྒྱུད་ད་ལྟའི་ཆར་བོད་ཀྱི་ས་ཁུལ་གང་ས་ནས་དྲྭ་ལམ་ཚོང་གཉེར་མཁན་ཆེན་པོ་མང་པོ་འཛིན་བཟུང་བྱས་ཡོད་པ་དང་། གནད་དོན་གཙོ་བོ་དྲྭ་ལམ་ནས་ཚོང་གཉེར་ཤུགས་ཆེར་བྱས་དེ་མི་མང་པོ་བསྡུ་རུབ་བྱས་རྐྱེན་ཡིན་པ་དང་། མ་འོངས་པར་གནད་དོན་དེའི་རིགས་ཤུགས་ཆེ་རུ་དང་འཛིན་བཟུང་དང་ཉེས་ཆད་གཅོད་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པས། བོད་རིགས་སྤུན་ཟླ་ཚོས་ཡིད་གཟབ་དགོས་སྐོར་སོགས་འགྲེལ་བརྗོད་གནང་བཞིན་པ་སོགས་མཐོང་རྒྱུ་འདུག

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎