མཛོད་དགེ་ནས་ཞི་རྒོལ་དང་ཉེན་རྟོག་པས་མི་བཞི་འཇུ་བཟུང་།
2015.12.21
མདོ་སྨད་མཛོད་དགེ་ནས་བོད་མི་བཀྲ་ཤིས་དོན་གྲུབ་གྱིས་ཞི་རྒོལ་གནང་རྗེས་འཇུ་བཟུང་བྱས་བ་མ་ཟད་རྗེས་སུ་ཁོང་གི་སྤུན་མཆེད་གསུམ་འཇུ་བཟུང་བྱས་འདུག
བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ༢༠༡༥ལོའི་ཟླ་༡༢བའི་ཚེས་༡༧ཉིན་མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་གི་ཁྲོམ་གཞུང་དུ། བོད་མི་བཀྲ་ཤིས་དོན་འགྲུབ་ཞུ་བ་ཞིག་གིས་ལུས་ལ་བོད་ཆས་གྱོན་ཞིང་རྒྱབ་ཏུ་ཆོས་དར་ཆེན་པོ་ཞིག་གྱོན་པ་དང་། ལག་གཉིས་ཀྱིས་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་སྐུ་པར་མགོ་ལ་འཕྱར་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་གོམ་བགྲོད་བྱས་ཡོད་པ་དང་། དེ་བཞིན་བོད་ནས་འབྱོར་བའི་བརྙན་ཐུང་ནང་ཡང་སྐབས་དེའི་གནས་སྟངས་གསལ་བོ་མཐོང་ཐུབ་ཀྱི་འདུག་ཀྱང་སྐབས་དེར་ཁོང་གིས་འབོད་སྒྲ་ག་རེ་སྒྲོག་གི་ཡོད་མེད་གསལ་བོ་གོ་ཐུབ་གྱི་མི་འདུག
ས་གནས་བོད་མི་ཞིག་གིས་བརྗོད་དོན། དེ་མ་ཐག་རིང་བོ་མ་སོང་བར་བཀྲ་ཤིས་དོན་འགྲུབ་ལགས་ས་གནས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། དེའི་རྗེས་སུ་ཁོ་རང་གང་དུ་ཁྲིད་ནས་བཙོན་འཇུག་བྱས་བ་སོགས་ཀྱི་གནས་སྟངས་གསལ་ཆ་མེད་པར་ལུས་ཡོད་པ་བརྗོད་བྱུང་།
གོང་གི་བཀྲ་ཤིས་དོན་གྲུབ་ལགས་ནི། མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་དཔོན་སྐྱ་སྡེ་བ་ནས་ཡིན་པ་རེད།
དེ་བཞིན་ཡང་འདི་གའི་གསར་འགོད་པ་བློ་བྷེ་ཡིས་བཏང་བའི་གནས་ཚུལ་ལྟར་ན། མདོ་སྨད་རྔ་པ་ཁུལ་མཛོད་དགེ་རྫོང་ནང་བཀྲིས་དོན་གྲུབ་ལགས་ཀྱིས་ཞི་རྒོལ་གནང་ཉིན་ནི་སྤྱི་ཟླ་༡༢བའི་ཚེས་༡༧ཉིན་ཡིན་པ་དང་། ཉིན་དེར་ཁོང་འཛིན་བཟུང་རྗེས། ཚེས༢༠ཉིན། མཛོ་དགེ་རྫོང་ནས་རྒྱང་ཐག་སྤྱི་ལེ་༥༠་ཙམ་གྱི་སར་ཡོད་པའི་ཐང་སྐོར་སྲོག་ཚང་སྡེ་བའི་དར་རྒྱས་ཚང་གི་ཡེ་ཤེས་ལགས་དང་། ཨ་ཞང་སློབ་དཔོན་སྐྱབས། སྤུན་ཆུང་མགྷོན་པོ་སྐྱབས་བཅས་སྤུན་མཆེད་གསུམ་ཡང་འཛིན་བཟུང་གིས་ཉིན་གཅིག་རིང་བཀག་ཉར་འདྲི་རྩད་བྱས་རྗེས་གློད་གྲོལ་བཏང་ཡོད་འདུག ཡེ་ཤེས་ལགས་ནི་རང་ལོ་སུམ་ཅུའི་ཡན་ཙམ་ཡིན་པ་དང་། བཀྲིས་དོན་གྲུབ་ལགས་ཀྱི་ཨ་ཁུ་ཡིན་པ་རེད།
གསར་འགོད་པ་དབྱངས་སྒྲོལ་དང་ཀླུ་འབུམ།