སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ལྷ་ས་ནས་གར་སོང་ཆ་མེད་དུ་གྱུར་འདུག


2018.01.30
སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ཀྱི་ཉེ་པར། སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ཀྱི་ཉེ་པར།
བོད་འབྱོར།

བོད་ཀྱི་ཆབ་སྲིད་བཙོན་ཟུར་སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་སྐད་འབོད་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
དེ་ཡང་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ནག་ཆུ་ས་ཁུལ་སོག་རྫོང་ནས་ཡིན་པ་ཆབ་སྲིད་བཙོན་ཟུར་སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ཉེ་ཆར་ ༢༠༡༨ ཟླ་ ༠༡ ཚེས་ ༢༨ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག་པ་དང་། དེ་ནི་ཁོང་གིས་ལྷ་ས་ནས་སྐད་འབོད་ཤུགས་ཆེ་ཞིག་བྱས་ནས་འཛིན་བཟུང་བྱས་ཡོད་པའི་དོགས་པ་དང་། ཁོང་གིས་སྐད་འབོད་གང་ཞིག་བྱས་ཡོད་པ་དང་དུས་ཡུན་ཇི་ཙམ་སྐད་འབོད་བྱས་ཡོད་པ་སོགས་ནི་ད་ལྟའི་ཆར་ཤེས་རྟོགས་ཐུབ་མེད་པ་རེད་འདུག
སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ཀྱིས་རྒྱུན་དུ་གལ་ཏེ་ང་རང་མི་གཞན་དང་འདྲ་བར་ཆབ་སྲིད་ཀྱི་ཉེས་པ་འདི་ལས་ཐར་ཚེ་ངས་བོད་ཀྱི་ཉི་མ་ལྷ་སར་ཞི་བདེའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན། རྒྱུ་མཚན་ནི་༧གོང་ས་རྒྱལ་བ་ཡིད་བཞིན་ནོར་བུ་ནི་ཞི་བདེའི་དབུ་ཁྲིད་ཡིན་པས་བོད་ལ་མྱུར་དུ་ཕེབས་ཐུབ་པ་དང་། རྒྱ་ནག་གི་གཙོས་འཛམ་གླིང་གི་སྐམ་མཚོ་མཁའ་གསུམ་གྱི་དམག་དཔུང་རྣམས་མེད་པ་བྱ་རྒྱུ། བོད་འདི་འཛམ་གླིང་གི་ཞི་བདེའི་ལྟེ་གནས་ཤིག་ཡོང་བ་སོགས་འཛམ་གླིང་ཞི་བདེ་ལ་ཕན་པའི་ཆེད་དུ་སྐད་འབོད་བྱ་རྒྱུ་ཡིན་ཅེས་བཤད་མྱོང་ཡོད་འདུག
དེ་ཡང་སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ཐོག་མར་ཕྱི་ལོ་ ༡༩༩༣ ལོའི་ཟླ་ ༡ ཚེས་༡༧ ཉིན་མི་བསད་པའི་ཉེས་མིང་འོག་ནག་ཆུ་འབྲིང་རིམ་ཁྲིམས་ཁང་ཟེར་བས་ལོ་ ༡༥ ཡི་ཁྲིམས་ཐག་བཅད་དེ་གྲྭ་བཞི་བཙོན་ཁང་དུ་བཅུག་པ་དང་། དེ་ནས་ཕྱི་ལོ་ ༡༩༩༥ ལོར་ལྷ་སར་གྲ་བཞིའི་བཙོན་ཁང་དུ་རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཟེར་བའི་ཡིག་ཆ་བཀྲམ་པ་དང་འབོད་ཚིག་སྒྲོགས་པའི་ཉེས་ཆད་དུ་ཉིན་གསུམ་ནས་སྲོག་ཁྲིམས་གཅོད་རྒྱུ་ཐག་གཅོད་བྱས་ཡོད་འདུག་ཀྱང་། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དམིགས་གསལ་ལྟ་རྟོགས་ཚོགས་པའི་འགན་འཛིན་དང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་བཅས་ཀྱིས་གནོན་ཤུགས་ལས་སྲོག་ཁྲིམས་ལོ་དྲུག་ལ་ནར་འགྱང་བྱས་ཏེ་ཆབ་སྲིད་ཐོབ་ཐང་ལོ་གསུམ་འཕྲོག་པ་དང་། གློད་དཀྲོལ་ཐོབ་རྗེས་སུ་བཟང་བཙོན་ཞེས་པའི་མིང་བྱང་འོག་ལོ་བཞི་ལ་འདུག་དགོས་བྱུང་ཡོད་འདུག
ཡང་ཉིས་སྟོང་བཅོ་ལྔ་ལོར་རྒྱ་ནག་གཞུང་གིས་ཤར་ཕྱོགས་རྫོང་ཁག་ཤིག་ལ་སྟག་གཟིག་ལྤགས་པ་གྱོན་བཅུག་པ་དང་། དམངས་ཀྱི་འདོད་མོས་ཡོད་མེད་ལ་མ་བལྟོས་པར་བཙན་དབང་འབའ་ཞིག་གིས་གཞས་སྣ་འཁྲབ་སྟོན་དང་ལྟད་མོ་ལྟ་རུ་ཡོང་བཅུག་པ་དང་། ཉིས་སྟོང་བཅུ་དྲུག་ལོར་བོད་ཀྱི་ས་ཁུལ་འགའ་ཞིག་ལ་སློབ་གཉེར་ལ་ཡོད་པའི་སོག་རྫོང་གི་གྲྭ་བཙུན་རྣམས་སྲིད་གཞུང་ནས་ཕྱིར་རང་ཁྱིམ་དུ་ཡོང་དགོས་པ་དང་། གལ་ཏེ་མ་ཡོང་ཚེ་ཁྱིམ་ཚང་ལ་དབྱར་རྩ་དགུན་འབུ་བརྐོ་མི་འཇུག་པ་དང་། ནང་མི་བཙོན་བཅུག་བྱ་རྒྱུ་ཡིན་པ་སོགས་ཀྱིས་འཇིགས་སྐུལ་གྱིས་འབོད་འགུག་སྐབས། བློ་གྲོས་ལགས་ཀྱིས་སློབ་གཉེར་བ་དེ་ཚོ་དེ་ལྟར་འབོད་འགུག་བྱས་པ་ནི་ཁྲིམས་མེད་ལུགས་མེད་ཡིན་པ་ལས་ཁོང་ཚོས་ཁྲིམས་དང་འགལ་བའི་ཉེས་པ་གང་ཡང་བསགས་མེད་ཅེས་ཡར་ཞུ་བྱས་པར་རྟེན་སྲིད་གཞུང་ནས་ཉིས་སྟོང་བཅོ་ལྔ་དང་བཅུ་དྲུག་ལ་བཀག་ཉར་ཐེངས་འགའ་བྱས་མྱོང་ཡོད་འདུག

གསར་འགོད་པ་སངས་རྒྱས་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎