རྒྱ་ནག་གིས་སོག་རྫོང་གི་དགེ་འདུན་པ་བློ་བཟང་ཟླ་བ་འཇུ་བཟུང་།
2015.03.25
སོག་རྫོང་ཙན་དན་དགོན་གྱི་བློ་བཟང་ཟླ་བ་རྒྱ་གཞུང་ཉེན་རྟོག་པས་འཇུཇ་བཟུང་རྗེས་གར་ཡོད་ཅི་ཆགས་མ་ཤེས་པ་ཆགས་ཡོད་འདུག
དེ་ཡང་ངག་དབང་ཐར་པ་ལགས་ཀྱིས་གནས་ཚུལ་བཏང་དོན། སོག་ཙན་དན་དགོན་པའི་དགེ་འདུན་པ་བློ་བཟང་ཟླ་བ་ལགས་འདི་ཟླའི་ཚེས་༢༠་ཉིན་གྱི་མཚན་མོར་རྒྱ་ནག་གཞུང་གིས་གསང་བའི་ཐོག་ནས་བཙན་ཁྲིད་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་འདུག དགེ་འདུན་པ་བློ་བཟང་ཟླ་བ་ལགས་ནི་སོག་ཙན་དན་དགོན་པའི་ལས་ཐོག་ཁང་གཉེར་ཡིན་པ་དང་། ཁོང་ནི་སོག་རྫོང་ར་དབག་ཡུལ་ཚོའི་གྲོང་ཚོ་བཞི་པ་འབེ་ཆེན་གྲོང་ཚོ་ནས་ཡིན་ཞིང་། ཁོང་ད་ལོ་དགུང་གྲངས་༣༨་ཙམ་ཡིན་འདུག
དེང་སྐབས་རྒྱ་ནག་གཞུང་གིས་གནས་འཕྲིན་དྲ་རྒྱ་wechatསོགས་བརྒྱུད་ལམ་ཁག་ལ་ཞིབ་བཤེར་ནན་པོ་བྱེད་བཞིན་ཡོད་པ་དང་། དྲ་རྒྱ་བརྒྱུད་ནས་རྒྱ་ནག་གཞུང་དང་ཆབ་སྲིད་ལྟ་སྤྱོད་མི་མཐུན་པའི་པར་རིས་དང་ཡིག་ཆ་སོགས་ཉར་ཚགས་བྱས་པའི་ཉེས་མིང་འོག་མི་འཛིན་བཟུང་བྱེད་ཀྱི་ཡོད་པས་དགེ་འདུན་པ་བློ་བཟང་ཟླ་བ་ལགས་ལ་ཡང་ཉེས་མིང་དེའི་འོག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་ཡིན་སྲིད་སྐོར་ས་གནས་ཡུལ་མི་ཚོས་ཚོད་དཔག་བྱེད་བཞིན་པ་ལས་རྒྱ་གཞུང་གི་ཉེན་རྟོག་པས་དེའི་སྐོར་གསལ་བཤད་གང་ཡང་བྱས་མི་འདུག
ཉེ་བའི་ཕྱི་ཟླ་༣ཚེས་༡༤ཉིན་གྱི་དགོང་མོར་ཡང་སོག་རྫོང་ཙན་དན་དགོན་པའི་དགེ་འདུན་པ་རྣམ་རྒྱལ་ཚུལ་ཁྲིམས་དང་། བློ་གྲོས་བསྟན་འཛིན། ཚུལ་ཁྲིམས་སྒོ་འབྱེད། ཚུལ་ཁྲིམས་རྣམ་རྒྱལ། ཐབས་མཁས་ལྷུན་འགྲུབ། འཇིག་མེད་ཚུལ་ཁྲིམས། འཇིགས་མེད་གྲགས་པ་བཅས་མི་བདུན་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་བའི་གནས་ཚུལ་བྱུང་ཡོད།
དེ་བཞིན་དུ་བོད་མདོ་སྨད་ཕྱོགས་སུ་སློབ་གཉེར་ཆེད་ཕེབས་མཁན་མང་པོ་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པ་དང་བྱེད་བཞིན་པའི་གནས་ཚུལ་བྱུང་འདུག་ཀྱང་ས་གནས་ལ་དམ་བསྒྲགས་ཆེ་བའི་རྐྱེན་གྱིས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་ཐུབ་པའི་སྐོར་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སོགས་བརྒྱུད་ལམ་ཁག་ལ་གསུངས་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།
༄༅། །སོག་རྫོང་ཙན་དན་དགོན་པའི་གྲ་བློ་བཟང་ཟླ་བ་ལགས་ཉེ་ཆར་རྒྱ་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་ཆགས་འདུག དེའི་སྐོར་ང་ཚོའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།