བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་ཁྲོད་རྒྱ་བལ་གཉིས་ནས་འབྱོར་ཟིན་པ་གྲངས་འབོར་ ༦༥༧༠༠ ལྷག་འདུག

2022.08.02
བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་ཁྲོད་རྒྱ་བལ་གཉིས་ནས་འབྱོར་ཟིན་པ་གྲངས་འབོར་ ༦༥༧༠༠ ལྷག་འདུག ཕྱི་ལོ་ ༢༠༢༢ ལོའི་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག
བོད་ཀྱི་བརྙན་འཕྲིན།

སྐབས་ ༡༦ པའི་བཀའ་ཤག་ནས་བཙན་བྱོལ་བོད་མི་སྤྱིའི་གནས་སྟངས་དང་། ལྷག་པར་དུ་རྒྱ་བལ་འབྲུག་གསུམ་ནང་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་ཁག་ཡར་རྒྱས་རྒྱུན་གནས་ཡོང་ཐབས་ཆེད་མི་འབོར་དང་། དཔལ་འབྱོར། ཤེས་ཡོན། འཕྲོད་བསྟེན་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་དགོས་གལ་ཆེ་བར་གཟིགས་ཏེ། བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ཐེངས་བཞི་པ་དེ་བཞིན་འདི་ལོའི་ཕྱི་ཟླ་ ༧ པའི་ནང་དངོས་སུ་འགོ་འཛུགས་གནང་སྟེ། ཉེ་ལམ་མཇུག་སྒྲིལ་གནང་ཡོད་ཀྱང་། མང་ཚོགས་ཁྲོད་ད་དུང་འགེངས་ཤོག་མ་སྤྲོད་པར་ཆད་ལྷག་བྱུང་རིགས་ཡོད་ན། སོ་སོའི་ཁྱབ་ཁོངས་ཀྱི་ས་གནས་འགོ་འཛིན་ལ་ཕུལ་ན་འགྲིག་གི་ཡོད་འདུག

འདི་ལོར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་བཀའ་ཤག་ནས་མི་འབོར་ཞིབ་བཤེར་ཐེངས་བཞི་པ་གནང་སྟེ། རྒྱ་གར་དང་བལ་ཡུལ་ནང་བཙན་བྱོལ་བོད་མིའི་གྲངས་འབོར་ ༦༥ ༧༠༠ ལྷག་ཐོན་ཡོད་པ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་ཟླ་བ་ཚུལ་ཁྲིམས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།  

སྤྱིར་མི་འབོར་ཞིབ་བཤེར་ཟེར་བ་དེ་རྒྱལ་ཁབ་མང་ཆེ་བའི་ལོ་༡༠ རེའི་ནང་བྱེད་སྲོལ་ཡོད་པ་དང་། བཙན་བྱོལ་བོད་གཞུང་ལྟ་བུ་མཚོན་ན། ཕྱི་ལོ་ ༡༩༩༨ ལོའི་ནང་མི་འབོར་ཞིབ་བཤེར་ཐེངས་དང་པོ་དེ་གནང་ཡོད་པ་དང་། ཐེངས་གཉིས་པ་དེ་ཕྱི་ལོ་ ༢༠༠༨ ལོར་གནང་ཡོད་ཅིང་། ཐེངས་གསུམ་པ་དེ་༢༠༡༨ ལོར་གནང་ཡོད་པ་རེད། འོན་ཀྱང་། ད་རེས་ཐེངས་བཞི་པ་དེ་ལོ་བཞིའི་རྗེས་སུ་བྱས་ཏེ། མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་ཧ་ཅང་གི་སྟབས་བདེ་བཟོས་ཡོད་ནའང་། འགེངས་ཤོག་ནང་ཆོས་ལུགས་ཁྱབ་ཁོངས་སྐོར་གྱི་གནད་དོན་ཐོག་མང་ཚོགས་ཁྲོད་ཕྲན་བུ་གླེང་སློང་བྱུང་ཡོད་འདུག 

དེ་སྔ་དང་བསྡུར་ན་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་བོད་མིའི་གྲངས་འབོར་ཧ་ཅང་གི་ཉུང་དུ་ཕྱིན་ཡོད་པ་རེད། དེ་ཡང་མི་འབོར་ཞིབ་བཤེར་དང་པོའི་སྐབས་བོད་མིའི་གྲངས་འབོར་ ༡༣༠༠༠༠ ཙམ་ཐོན་ཡོད་པ་དང་། གཉིས་པའི་སྐབས་ ༡༠༩༠༡༥ དེ་བཞིན་མི་འབོར་ཞིབ་བཤེར་ཐེངས་གསུམ་པའི་སྐབས་བོད་མི་གྲངས་འབོར་ ༧༥༦༣༩ ཐོན་འདུག དེར་བརྟེན། ཕྱི་ལོ་ ༡༩༩༨ ནས་བཟུང་ ༢༠༡༨ བར་འདས་པའི་ལོ་ངོ་༢༠ ཡི་ནང་རྒྱལ་བལ་འབྲུག་གསུམ་ནང་བོད་མིའི་གྲངས་འབོར་༥༤༣༣༤ ཙམ་ཉུང་དུ་ཕྱིན་འདུག་པ་དང་། ཕྱི་ལོ་༢༠༡༨ ནས་ ༢༠༢༢ བར་འདས་པའི་ལོ་བཞིའི་ནང་རྒྱ་གར་དང་བལ་ཡུལ་ནང་བོད་མིའི་གྲངས་འབོར་ ༩༩༣༩ ཙམ་ཉུང་དུ་ཕྱིན་འདུག འོན་ཀྱང་། འབྲུག་རྒྱལ་ཁབ་ནང་གནས་ཞུགས་བོད་མིའི་གྲངས་འབོར་ད་དུང་འབྱོར་མེད་པ་ནང་སྲིད་དྲུང་འཕར་གྱི་འགྲེལ་བརྗོད་གནང་བྱུང་།  

ཡང་དེ་སྔོན་ཕྱི་ལོ་ ༢༠༢༠ ལོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་བཀའ་ཤག་ནས་རྒྱ་བལ་འབྲུག་གསུམ་གྱི་ཕྱི་ལོགས་སུ་གནས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྐོར་ཉམས་ཞིབ་ཀྱི་སྙན་ཐོ་ཞིག་བཏོན་འདུག་པ་དེའི་ནང་། ཕྱི་ལོ་ ༢༠༠༩ ལོའི་ནང་ཡོ་རུབ་ཁུལ་དུ་གནས་སྡོད་བོད་མིའི་གྲངས་འབོར་ ༥༥༨༥ ཡོད་པ་དེ་ཕྱི་ལོ་ ༢༠༢༠ ལོའི་ནང་ ༢༤༡༧༢ ལ་ཕར་འདུག་ཅིང་། མདོར་ན་ཡོ་རུབ་ཁུལ་དུ་ཕྱི་ལོ་ ༢༠༠༩ ནས་བཟུང་ཕྱི་ལོ་ ༢༠༢༠ བར་འདས་པའི་ལོ་ངོ་༡༡ ནང་བོད་མིའི་གྲངས་འབོར་ ༡༨༥༨༧ ཕར་ཡོད་པ་འཁོད་འདུག

ཐེངས་འདིའི་མི་འབོར་ཞིབ་བཤེར་སྐབས་རྒྱ་གར་ནང་བོད་མིའི་ས་གནས་འགོ་འཛིན་རྣམ་པས་ཐུགས་འགན་བཞེས་པའི་སྒོ་ནས་ཕྱི་ལོ་ ༢༠༢༢ ལོའི་མི་འབོར་བཞི་བཤེར་བྱས་འདུག་ཅིང་། རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས། ད་ལྟའི་ཆར་རྡ་སའི་ས་གནས་འགོ་འཛིན་ཁྱབ་ཁོངས་ཀྱི་མི་འབོར་ཞིབ་བཤེར་ནང་ཁྱོན་བོད་མི་གྲངས་༦༦༠༠ལྷག་ཐོན་ཡོད་པ་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་ཞུགས་བོད་མི་ཚོའི་གྲངས་འབོར་ད་ལྟའི་ཆར་ཁ་གསལ་འབྱོར་མིན་འདུག་ལ། དེའི་ཐད་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་འགན་བཞེས་མུས་ཡིན་འདུག་པ་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། རིང་མིན་ཕྱི་ཟླ་༨ པའི་ཚེས་ ༡༠ ནང་ཚུད་ལ་ཕྱི་རྒྱལ་གྱི་གྲངས་ཐོ་ཆ་ཚང་འབྱོར་རྒྱུའི་ཚོད་དཔག་གནང་གི་འདུག

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎