སྤུལ་སྐུ་བསྟན་འཛིན་བདེ་ལེགས་དགོངས་པ་རྫོགས་ནས་ལོ་དྲུག་གི་རྗེས་སུའང་། བོད་མིར་ཁྲིམས་ཐོག་དྲང་བདེན་གྱི་ཐོབ་ཐང་ཇེ་སྡུག་ཏུ་ཕྱིན་ཡོད་པ།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ནི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་སླད་དགོན་པ་དང་སློབ་གྲྭ་གསར་འཛུགས་སོགས་ཀྱི་ཕྱག་ལས་གནང་མཁན་ཞིག་ཡིན་འདུག་ཅིང་། ༢༠༠༢ ལོའི་སྤྱི་ཟླ་༡༡ ཚེས་༢༩ ཉིན་ཁོང་ལ་རྒྱ་ནག་གཞུང་གིས་ཁྲེན་ཏུའུ་གྲོང་ཁྱེར་དུ་འབར་རྫས་སྤར་བའི་ཉེས་མིང་འོག་བཙོན་འཇུག་བྱས་ཏེ་མི་ལོ་༡༣་རྗེས། སྤྱི་ལོ་༢༠༡༥ ལོའི་ཕྱི་ཟླ་༧ ཚེས་༡༢ དགོང་མོར་སྐུ་གྲོངས་པའི་གནས་ཚུལ་བྱུང་ཡོད་པ་རེད། ཁོང་ནི་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཁྲོན་ཏུང་བཙོན་ཁང་དང་བར་ཐག་ཉེ་བའི་ཏ་ཀྲུའུ་རྫོང་སྨན་ཁང་དུ་སྙིང་ནད་འཕར་ཏེ་སྐུ་གྲོངས་ཡོད་ཚུལ་སྐོར།ཕྱི་ལོ་༢༠༡༥ལོར་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་ཡོད་པ་རེད། འོན་ཀྱང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་བོད་གནས་ཉམས་ཞིབ་པ་མང་པོ་ཞིག་གིས། ཁོང་རྒྱ་ནག་གཞུང་གིས་བཙོན་ཁང་ནང་བཀྲོངས་ཡོད་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། བཞུགས་སྒར་རྡ་རམ་ས་ལར་ཆགས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་ཀྱིས། རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་འཛིན་བཟུང་བྱས་པ་ནས་བཟུང་བཙོན་ཁང་ནང་མ་གྲོངས་བར་གྱི་བརྒྱུད་རིམ་ཆ་ཚང་ཁྲིམས་འགལ་ཡིན་པ་དང་། དྲང་བདེན་གྱི་ཁྲིམས་བཤེར་ཐོབ་ཐང་སྤྲད་མེད་པ་འགྲེལ་བརྗོད་གནང་སོང་།
ད་ལྟའི་ཆར་ཨ་མི་རི་ཀར་གནས་བཞུགས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས། རིན་པོ་ཆེ་མཆོག་ལ་རྒྱ་ནག་གཞུང་གིས་བཙོན་ཁང་ནས་དུག་སྤྲད་དེ་བཀྲོངས་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཞིང་། ད་དུང་ཁོང་མོས་བོད་ནང་ཡོད་པའི་རིན་པོ་ཆེའི་ནང་མི་སྤུན་མཆེད་དང་སློབ་མ་ཚོ་མུ་མཐུད་དམ་དྲག་ཤུགས་ཆེའི་འོག་གནས་ཡོད་པ་འགྲེལ་བརྗོད་གནང་སོང་།
གཞན་ཡང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཙམ་མ་ཟད། གཞན་བོད་མི་མང་པོ་ཞིག་ལ་རིན་པོ་ཆེ་ནང་བཞིན་དྲང་བདེན་ཁྲིམས་བཤེར་ཐོབ་ཐང་མེད་པ་མང་དག་ཅིག་བྱུང་བ་དང་། དཔེར་ན། རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པདྨ་རྫོང་ནས་ཡིན་པའི་བོད་མི་རྩོམ་པ་པོ་དང་ཤེས་ཡོན་པ་དྷཱི་ལྷ་ལྡན་ལགས་སྤྱི་ལོ་༢༠༡༩ལོར་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནས་འཛིན་བཟུང་གིས་ད་བར་ལོ་གཉིས་འགྲོ་བཞིན་ཡོད་ཀྱང་། ད་དུང་ཁྲིམས་ཀྱི་འགྲོ་རིམ་དང་ཁྲིམས་ཐག་སོགས་གང་ཡང་མ་བཅད་པར་ལོ་གཉིས་རིང་བཀག་ཉར་འོག་བཞག་ཡོད་པ་དང་། ཡང་ལྐོག་ཟ་རུལ་སུངས་ཐེར་འདོན་པ་ཨ་ཉ་སེང་སྒྲ་ལགས་ནི་སྤྱི་ལོ་༢༠༡༩ལོའི་སྤྱི་ཟླ་༡༢་ནང་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྤྱི་ཚོགས་ལ་དཀྲུག་རྐྱེན་བསླངས་བ་སོགས་ཀྱི་ཉེས་མིང་འོག་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཨ་ཉ་སེང་སྒྲ་ལགས་ཀྱིས་ཁྲིམས་ཆད་དེར་ངོས་ལེན་གནང་མེད་པ་མ་ཟད།ད་བར་ཁོང་གིས་གོང་གཏུག་ཐེངས་འགའ་བྱས་ཡོད་ཀྱང་། ཁྲིམས་ཁང་ནས་ཁོང་གི་གོང་གཏུག་གི་ནང་དོན་ངོས་ལེན་བྱས་མེད་པ་མ་ཟད་། གོང་གཏུག་ཕྱིར་སློག་བྱས་ཡོད་པ་རེད།
ཡང་བོད་མདོ་ཁམས་འབྲི་རུ་རྫོང་ནས་ཡིན་པའི་དཀོན་མཆོག་སྦྱིན་པ་ལགས་སྤྱི་ལོ་ ༢༠༡༣ ལོའི་སྤྱི་ཟླ་ ༡༡ ནང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་རྒྱ་ནག་གཞུང་གི་ཉེན་རྟོག་པས་འབྲི་རུ་རྫོང་ནས་འཛིན་བཟུང་བྱས་རྗེས། ལོ་ངོ་༢༡ གི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། དེ་ནས་བཙོན་ཁང་ནང་མནར་གཅོད་ཚད་མེད་བཏང་བའི་དབང་གིས་སྤྱི་ལོ་ ༢༠༢༡ ལོའི་སྤྱི་ཟླ་༢པའི་ནང་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཡང་སྤྱི་ལོ་ ༢༠༡༩ ཟླ་ ༡༡ ནང་རང་ལོ་ ༡༩ ཡིན་པའི་རྫ་དབོན་པོ་དགོན་པའི་དགེ་འདུན་པ་བསྟན་འཛིན་ཉི་མ་ལགས་ཀྱིས་བོད་རང་བཙན་གྱི་སྦྱར་ཡིག་འགྲེམས་སྤེལ་བྱས་པར་བརྟེན་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་གིས་རྡུང་རྡེག་མནར་གཅོད་ཚད་ལས་བརྒལ་བ་བཏང་བའི་རྐྱེན་གྱིས་སྤྱི་ལོ་ ༢༠༢༡ ལོའི་ཟླ་ ༡ ཚེས་ ༡༩ ཉིན་ཁོང་འདས་གྲོངས་སུ་གྱུར་ཡོད་པ་དང་། ཡང་མདོ་ཁམས་འབྲི་རུ་རྫོང་ནས་ཡིན་པའི་བུད་མེད་ལྷ་མོ་ལགས་དང་ཁོང་མོའི་སྤུན་མཆེད་བསྟན་འཛིན་ཐར་པ་ལགས་རྣམ་གཉིས་ཀྱིས་ཀྱང་རྒྱ་གར་དུ་དངུལ་བཏང་ཡོད་པའི་ཉེས་འཛུགས་འོག་རྒྱ་ནག་གཞུང་གིས་༢༠༢༠ལོའི་སྤྱི་ཟླ་༦་པའི་ནང་འཛིན་བཟུང་བྱས་ཏེ་ལྷ་མོ་ལགས་རྡུང་རྡེག་ཚབས་ཆེན་བཏང་བའི་དབང་གིས་སྨན་ཁང་དུ་འདས་གྲོངས་སུ་ཕྱིན་ཡོད་པ་སོགས་མང་དག་ཅིག་བྱུང་ཡོད་པ་རེད།
ཡང་ཨ་མི་རི་ཀའི་ནང་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་སོ་ཧྥི་རི་ཆརཌ་སཱན་Sophie Richardson ལགས་ཀྱིས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཚུད་པའི་བོད་མི་མང་པོ་ཞིག་ལ་རྒྱ་ནག་གཞུང་གིས་དྲང་བདེན་གྱི་ཁྲིམས་བཤེར་ཐོབ་ཐང་ཡོངས་རྫོགས་བཀག་སྟེ་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་བཙོན་འཇུག་བྱེད་དགོས་པའི་གནད་དོན་གང་ཡང་མེད་ཀྱང་། རྒྱ་ནག་གཞུང་གིས་ཁོང་ལ་དྲང་བདེན་གྱི་ཁྲིམས་བཤེར་ཐོབ་ཐང་སྤྲད་མེད་པའི་ཁར་བཙོན་ཁང་ནང་སྨན་བཅོས་ཀྱི་མཐུན་རྐྱེན་འདང་ངེས་ཤིག་ཀྱང་སྤྲད་མེད་ཅེས་དང་། བོད་ནང་གལ་ཏེ་མི་སུ་འདྲ་ཞིག་ལ་ཁྲིམས་ཀྱི་བྱ་རིམ་གཞིར་བཟུང་ཁྲིམས་གཏུགས་བྱེད་རྒྱུའི་གདེང་ཚོད་ཡོད་ཀྱང་། སྤྲུལ་སྐུ་བསྟན་འཛིན་ལེགས་ཀྱི་གནང་སྟངས་མཁྱེན་པའི་སྒོ་ནས་ངེས་པར་དུ་དེར་བསམ་ཤེས་དགོས་ལ། ད་ལྟའི་རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་མི་ཚོར་ཁྲིམས་ཐོག་དྲང་བདེན་གྱི་ཐོབ་ཐང་ཇེ་སྡུག་ལས་བཟང་དུ་ཕྱིན་མེད་ཅེས་འགྲེལ་བརྗོད་གནང་སོང་།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་ནང་གི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་ནག་གཞུང་གིས་བཙོན་ཁང་ནང་བཀྲོངས་ཡོད་པ་ངོས་འཛིན་གནང་གི་ཡོད་པ་མ་ཟད། ད་བར་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཚུད་པའི་ཚོགས་སྡེ་ཁག་མང་པོ་ཞིག་མཉམ་རུབ་ཀྱི་ཐོག་ནས་ལས་འགུལ་སྤེལ་བས་རིན་པོ་ཆེའི་གནད་དོན་དེ་བཞིན་རྒྱལ་སྤྱིའི་ཁྱོན་ཡོངས་ནས་དོ་སྣང་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་འགྲེལ་བརྗོད་གནང་སོང་།
གཞན་ཡང་རྒྱ་ནག་གཞུང་གིས་དེ་སྔ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་འཁོར་དང་བཅས་བ་འཛིན་བཟུང་བྱས་ཏེ་ཉིན་བཅུའི་རྗེས་སུ། སྤྱི་ལོ་༢༠༠༢་ལོར་ལི་ཐང་རྫོང་ཨོ་ཐོག་དགོན་གྱི་དགེ་བསྐོས་ཟུར་པ་བཀྲ་ཤིས་ཕུན་ཚོགས་ལགས་འབར་རྫས་གས་གཏོར་དང་འབྲེལ་བ་ཡོད་ཚུལ་གྱི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་རིང་བཙོན་ཁང་དུ་ཉེས་རྡུང་ཚབས་ཆེན་བཏང་སྟེ་མཐར་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་ཀྱང་ཡུན་རིང་ནད་ཀྱིས་མནར་ཏེ་༢༠༢༠ལོའི་སྤྱི་ཟླ་༣ པའི་ནང་ལི་ཐང་རྫོང་དུ་འདས་གྲོངས་སུ་ཕྱིན་ཡོད་པ་རེད།