བོད་རྒྱ་ཞི་མོལ་ཆེད་བོད་མིའི་སྐུ་ཚབ་གཏོང་དགོས་པའི་འབོད་སྐུལ།
2019.01.14
ཕྱི་ཚེས་ ༡༤ ཉིན་མདོ་སྨད་མགོ་ལོག་གཅིག་སྒྲིལ་རྫོང་ལྕམ་མདའ་དགོན་པའི་ཁྲི་པ་ཟུར་པ་བསམ་གཏན་འོད་ཟེར་ལགས་ཀྱིས་བརྙན་ཐུང་རྒྱུད་གནད་དོན་གཉིས་ཀྱི་ཐད་འབོད་སྐུལ་གནང་ཡོད་པ་དེ་འདི་ག་རླུང་འཕྲིན་ཁང་ལ་འབྱོར་ཡོད་པ་དེའི་ནང་དུ་ཁོང་གིས་གསུངས་དོན། རྒྱ་ནག་གཞུང་གིས་བོད་རྒྱ་ཞི་བའི་གྲོས་མོལ་གྱི་སྒོ་ཆེན་ནམ་ཡང་ཕྱེ་ཡོད་ཅེས་དེང་སྐབས་འཛམ་གླིང་ཡོངས་སུ་བསྒྲགས་བཞིན་པ་དེ་ལྟར་རེད། དེ་བས་བོད་རྒྱ་ཞི་བའི་གྲོས་མོལ་ཆེད་བཙན་བྱོལ་བོད་མིའི་སྐུ་ཚབ་མངགས་རྒྱུར་རེ་བ་ཞུ་གི་ཡོད་ཅེས་གསུངས་ཡོད་པ་རེད། གཞན་ཡང་ཁོང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་ཆོས་བརྒྱུད་གཞན་དག་ནང་བཞིན་ཇོ་ནང་སྤྱི་འཐུས་ཡོང་བར་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་གནང་སྐབས། ༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཇོ་ནང་གི་སྤྱི་འཐུས་འདེམས་རྒྱུར་བཀའ་སློབ་སྩལ་ཡོད་པས་བཀའ་དྲིན་བླ་ན་མེད་པའི་ཆེན་པོ་ཡིན། དེ་བཞིན་བོད་མི་མང་གི་གཞིས་བྱེས་གཉིས་ཀའི་སྐུའི་སྐུ་ཚབ། གསུང་གི་གསུང་ཚབ། གཞུང་གི་གཞུང་ཚབ་སྲིད་སྐྱོང་དཔལ་ལྡན་བློ་བཟང་སེང་གེ་མཆོག་གིས་ཀྱང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་ཆོས་བརྒྱུད་གཞན་པ་ཚོ་ནང་བཞིན། ཇོ་ནང་གི་སྤྱི་འཐུས་གཉིས་ད་ལོ་འདེམས་ཐོན་ཡོང་ཐབས་སུ་བཀའ་དྲིན་བསྐྱངས་རྒྱུར་སྙིང་ཁུངས་རུས་པའི་གཏིང་ནས་རེ་སྐུལ་ཞུ་བ་ཡིན་ཞེས་གསུངས་ཡོད་པ་རེད། གཞན་ཡང་དགེ་འདུན་པ་ཁོང་གིས་གཟའ་ཉི་མ་སྟེ་ཕྱི་ཚེས་ ༡༣ ཉིན་བརྙན་ཐུང་ཞིག་བཏང་ཡོད་པ་དང་། དེའི་ནང་མཆོད་ཁང་དུ་༸གོང་ས་སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཆེན་པོ་གཉིས་སྒྲིག་གཤོམ་དང་བཅས་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་ལས་ལྷག་པའི་བཀའ་དྲིན་ཅན་ཞིག་དང་། ཚེ་འདི་ཕྱི་གཉིས་ལ་སྐྱབས་གནས་ཞུ་ས་ཞིག་མེད་ཅེས་གསུངས་ཡོད་པར་མ་ཟད། ད་དུང་ཁོང་གིས་འདི་ལྟར་གསལ་བཤད་གནང་དགོས་དོན་ནི་ཉེ་སྔོན་དྲ་ལམ་དུ་ཁོང་གིས་༸གོང་ས་མཆོག་ལ་མཚན་སྨད་ཞུས་ཡོད་ཚུལ་མི་གཞན་གྱིས་གནས་ཚུལ་རྫུན་མ་བཀྲམ་པའི་དབང་གིས་ཡིན་སྐོར་ཡང་འགྲེལ་བརྗོད་གནང་འདུག ད་དུང་ཁོང་གིས་བོད་རྒྱ་ཞི་མོལ་གྱི་སྒོ་མོ་ནམ་ཡང་ཕྱེ་ཡོད་ཅེས་རྒྱ་ནག་གིས་བསྒྲགས་བཞིན་ཡོད་པས། བརྙན་དང་པར་འདི་འདྲ་བསྐུར་མི་ཆོག་པ་མེད་སྐོར་ཡང་གསུངས་འདུག
གསར་འགོད་པ་རྡོ་རྗེ་མཚོ།
*གནས་ཚུལ་ཁ་སྣོན།
ཉེ་བའི་ཆར་སྤྱི་ཚོགས་བརྒྱུད་ལམ་ཁག་ནང་བོད་མི་ཞིག་གིས་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་མཚན་སྨད་ཞུས་བའི་སྐད་སྒྲ་ཞིག་ཡོད་པ་གོང་གི་མདོ་སྨད་མགོ་ལོག་གཅིག་སྒྲིལ་རྫོང་ལྕམ་མདའ་དགོན་པའི་ཁྲི་པ་ཟུར་པ་བསམ་གཏན་འོད་ཟེར་ལགས་རེད་ཟེར་ནས་ཁོང་གི་པར་མཉམ་སྦྱར་གྱིས་སྤྱི་ཚོགས་བརྒྱུད་ལམ་ཁག་དུ་ཁྱབ་ཡོད་པ་མ་ཟད། དེའི་ཐད་བོད་མི་མང་པོས་སྐྱོན་བརྗོད་དང་གླེང་སློང་ཡང་ཤུགས་ཆེན་བྱུང་དང་འབྱུང་བཞིན་པ་རེད། ཡིན་ན་ཡང་དགེ་འདུན་པ་བསམ་གཏན་འོད་ཟེར་ལགས་ཀྱིས་སྐད་ཆ་དེ་བཤད་མཁན་ཁོང་རང་མིན་པ། ཁོང་ནི༧ གོང་ས་མཆོག་ལ་དད་གུས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་བརྙན་ཐུང་ནང་གསལ་བཤད་དང་མཉམ་རྒྱ་ནག་གཞུང་གིས་བོད་རྒྱ་ཞི་བའི་གྲོས་མོལ་གྱི་སྒོ་ཆེན་ནམ་ཡང་ཕྱེ་ཡོད་ཅེས་དེང་སྐབས་འཛམ་གླིང་ཡོངས་སུ་བསྒྲགས་བཞིན་པ་ལྟར་བོད་རྒྱ་ཞི་བའི་གྲོས་མོལ་ཆེད་བཙན་བྱོལ་བོད་མིའི་སྐུ་ཚབ་མངགས་རྒྱུར་རེ་བ་ཞུ་གི་ཡོད་པ་གསུངས་བ་ཡིན་པ་རེད།