རྒྱ་ནག་གཞུང་གིས་བོད་ཀྱི་སློབ་ཕྲུག་ལོ་ཆུང་ཚོ་བསམ་བློ་གཏོང་ཕྱོགས་ངོས་ནས་རྒྱ་མི་རིགས་ལ་སྒྱུར་ཐབས་བྱེད་བཞིན་ཡོད་པ།ཉམས་ཞིབ་པས་བརྗོད་སོང་།

འདས་པའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་ཁག་ཏུ་རྒྱ་ནག་གཅིག་གི་འདུ་ཤེས་ཞེས། རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་སློབ་གསོ་ཤུགས་ཆེར་སྤེལ་མགོ་ཚུགས་ཡོད་པ་ལྟར། ཕྱི་ཟླ་༥ནང་རྒྱ་ནག་གཞུང་འབྲེལ་གྱི་གོ་སྒྲིག་འོག་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་རྫོང་དང་གྲོང་ཚོ་ ༢༣ ནས་སློབ་ཕྲུག་བསྡུ་རུབ་ཀྱིས།སྐབས་གཉིས་པའི་ལྷ་ས་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་དོན་གཏམ་བཤད་འགྲན་བསྡུར་ཟེར་བ་ཞིག་བསྡུས་ཡོད་པ་དང་། སྤྱིར་ད་ལྟའི་ཆར་གནས་སྟངས་དེ་རིགས་སློབ་གྲྭ་གཅིག་པུ་ཙམ་མ་ཡིན་པར།དགོན་སྡེ་དང་མི་མང་ཁྲོད་ཤུགས་ཆེར་སྤེལ་བཞིན་ཡོད་པ་དང་། སློབ་གྲྭ་ཁག་གི་སློབ་ཕྲུག་ཚོའི་གཏམ་བཤད་ནང་དོན། རྒྱ་ནག་ལ་མི་རིགས་གཅིག་ལས་མེད་པ་དང་དེ་ནི་ཀྲུང་ཧ་མི་རིགས་ཡིན་པས།ཀྲུང་ཧྭ་མི་རིགས་གཅིག་གྱུར་ལ་འབད་བརྩོན་དགོས་པ་སོགས་ཡིན་སྐོར།བོད་ནང་གི་འབྲེལ་ཡོད་བོད་མི་གཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་ཀྲུང་ཧ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟེར་བའི་ལས་འགུལ་དེ། བོད་ནང་གི་སློབ་གྲྭ་ཁག་དང་དགོན་སྡེ་ཁག་ཏུ་ཤུགས་ཆེར་སྤེལ་བཞིན་ཡོད་པ་ལས། ཐེངས་འདིར་ལྷ་ས་ཁུལ་དུ་ལས་འགུལ་དེ་གོ་སྒྲིག་བྱེད་མཁན་གཙོ་བོ་ལྷ་ས་གྲོང་ཁྱེར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་པའི་ཆེད་དོན་ཚོ་ཆུང་ཟེར་བ་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། རྒྱ་ནག་གཞུང་གིས་ནམ་རྒྱུན་ཀྲུང་ཧྭ་མི་རིགས་ཞེས་བཤད་བསྡད་པ་དེ་དོན་དམ་པར་རྒྱ་རིགས་བཤད་ཀྱི་ཡོད་པ་རེད་ལ། དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ཚང་མ་རྒྱ་ནག་ཅན་ཡིན་སྐོར་བཤད་པ་དང་། སློབ་ཕྲུག་ལོ་ཆུང་ཚོར་ལས་འགུལ་དེ་རིགས་སྤེལ་བཞིན་པ་དེ་བསམ་བློའི་ངོས་ནས་བོད་ཀྱི་ན་གཞོན་ཚོའི་ཀླད་པ་སྒྱུར་བཅོས་གཏོང་ཐབས་བྱེད་བཞིན་ཡོད་པ་བརྗོད་བྱུང་།
རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ཕྱི་ཟླ་༥་ཚེས་༢༢་དང་༢༣་གཉིས་ལ་སློབ་ཕྲུག་ཚོའི་གཏམ་བཤད་འགྲན་བསྡུར་གྱི་མཐའ་མའི་ཐག་གཅོད་དེ།ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་བྱིས་པའི་ལས་འགུལ་ལྟེ་གནས་ཞེས་པར་འཚོགས་ཡོད་པ་དང་། སྐབས་དེའི་ཚོགས་འདུའི་བརྗོད་གཞི་གཙོ་བོ་བློ་བརྟན་འགྱུར་མེད་ཀྱི་ཀྲུང་གོའི་བླ་སྲོག་བཏོད་དེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་དགོས་ཞེས་པ་ཡིན་པ་དང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༠ལོ་ནས་བཟུང་བོད་ནང་གི་སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་སློབ་ཁྲིད་མེད་པ་བཟོས་ཏེ། རྒྱ་སྒྱུར་སློབ་གསོ་ཤུགས་ཆེར་སྤེལ་བཞིན་པ་སོགས་ཀྱི་དམིགས་ཡུལ་གཙོ་བོ། བོད་ཕྲུག་ཚང་མ་རྒྱ་རིགས་ཅན་དུ་སྒྱུར་ཐབས་ཡིན་སྟབས། སློབ་ཕྲུག་ལོ་ཆུང་ཚོའི་ཁྲོད་རྒྱ་ཧན་མི་རིགས་ཀྱི་ལྟ་བ་སྤེལ་བཞིན་པ་དེ་མ་འོངས་པར་བོད་མི་རིགས་རྩ་མེད་བཟོ་ཐབས་ཀྱི་ཉེན་ཁ་ཞིག་ཆགས་ཀྱི་ཡོད་པ་བརྗོད་བྱུང་།
རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་གི་མི་རིགས་ཚང་མ་དང་དེ་དག་གི་རིག་གཞུང་ཚང་མ་ཀྲུང་ཧ་མི་རིགས་དང་ཀྲུང་ཧའི་རིག་གནས་ཡིན་པ་སོགས་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་བཞིན་པ་དེ། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་༢༠་པའི་སྟེང་གི་མགོ་ཁྲིད་ཞི་ཅིན་ཕིན་གྱི་དགོངས་དོན་ཡིན་སྐོར་བསྒྲགས་བཞིན་པ་རེད་ལ། ཕྱི་ལོ་ ༢༠༢༣ལོའི་ ཕྱི་ཟླ་༩བའི་ཚེས་༡༩ཉིན་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་ས་ཁུལ་ཡོངས་ནས་མི་སྣ་༤༠༠ལྷག་བསྡུ་བསྐོང་གིས། རྒྱ་ནག་གཅིག་མཐུན་འདུས་གྲུབ་ཀྱི་བླ་སྲོག་བརྟན་འཛུགས་བྱ་དགོས་ཟེར་བའི་ཚོགས་འདུ་ཤིག་ཚོགས་ཏེ། ཚོགས་འདུའི་སྟེང་གཙོ་བོ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་དང་། དེ་ཡི་ལག་ལེན་དངོས་དང་། ཁྲིམས་སྐྱོང་། རིག་གཞུང་སོགས་གླེང་སློང་གིས་ལྟ་གྲུབ་ཀྱི་ངོས་ནས་བོད་མི་རིགས་དེ་ཀྲུང་ཧ་མི་རིགས་ཡིན་པ་བཟོ་དགོས་པའི་བགྲོ་གླེང་བྱས་ཡོད་པ་རེད་ལ། ལས་འགུལ་དེ་རིགས་དང་འབྲེལ་བོད་ཀྱི་ཆོས་དང་རིག་གཞུང་ཚང་མ་རྒྱ་ནག་ཅན་དུ་སྒྱུར་རྒྱུའི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། བསྟན་འཛིན་དོན་ཡོན།