གླུ་བ་དགེ་བྷེ་རྒྱ་ནག་གིས་འཛིན་བཟུང་བཙན་ཁྲིད་བྱས་འདུག
2014.05.26
གནས་ཚུལ་ཞིབ་ཕྲ་ལྷུན་གྲུབ་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས།
རྒྱ་ནག་གི་འབྲེལ་ཡོད་ཉེན་རྟོག་ཚན་པས་བོད་ནང་གི་ན་གཞོན་གླུ་བ་དགེ་བྷེ་འཛིན་བཟུ་བཙན་ཁྲིད་བྱས་འདུག
དེ་ཡང་བོད་ནས་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ཟླ་༥ཚེས༢༤ཉིན་གྱི་དགོང་མོར་རྒྱ་ནག་གི་འབྲེལ་ཡོད་དྲག་ཆས་དམག་མི་དང་། ཉེན་རྟོག་པ་ཁག་གཅིག་གིས་བོད་ནང་གི་ན་གཞོན་གླུ་བ་དགེ་བྷེ་ལགས་ཁྱུང་མཆུ་རྫོང་ནས་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་པ་དང་། དེ་ནི་ཁྱུང་མཆུ་རྫོང་ཐོག་ལ་བོད་མི་གླུ་བ་གླུ་མ་ཁག་གཅིག་གདན་ཞུས་ཐོག་བོད་ཀྱི་གླུ་གཞས་དཀྲོལ་ལེན་གྱི་རིག་རྩལ་དགོང་ཚོགས་ཚོགས་པའི་སར་དགེ་བྷེ་ལགས་ཀྱིས“ཚར་རྒྱུ་རེད”་ཟེར་བ་སོགས་བོད་མི་རིགས་ཀྱི་བདེ་སྡུག་གི་སེམས་ཚོར་མཚོན་པ་དང་། སྐད་ཡིག་རིག་གཞུང་སྲུང་སྐྱོབ་ཀྱི་ནང་དོན་མཚོན་པའི་གླུ་གཞས་ཁག་གཅིག་བླངས་བར་དགའ་བསུ་ཆེན་པོ་ཐོབ་ཡོད་པ་དང་། དགོང་ཚོགས་གྲོལ་མ་ཐག་ཚོགས་ཁང་གི་ཕྱི་ཕྱོགས་སུ་རྒྱ་ནག་གི་དྲག་ཆས་དམག་མི་དང་། ཉེན་རྟོག་པ་ཚོས་སྒུག་སྡོད་བྱས་ཡོད་པར་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
སྐབས་དེར་ཡོད་པའི་ས་གནས་བོད་མི་ཞིག་གིས་བརྗོད་དོན། སྐབས་དེར་འཛིན་བཟུང་བྱེད་མཁན་གྱི་ཉེན་རྟོག་པ་ཚོ་ནི་རྔ་བ་ཁུལ་དང་འབར་ཁམས་ཕྱོགས་ཀྱི་རྒྱ་ནག་གི་ཉེན་རྟོག་པ་ཡིན་པ་དང་། འཛིན་བཟུང་སྐབས་དགོང་ཚོགས་ལ་གདན་ཞུ་བྱེད་མཁན་དང་། གླུ་བ་གླུ་མ་ཚོས་གང་ཐུབ་བཀག་འགོག་དང་། ཁོང་ལ་ནག་ཉེས་མེད་པའི་རྒྱུ་མཚན་བཤད་ཀྱང་ཉེན་རྟོག་པས་སྤྱིར་བཏང་འདྲི་ཞིབ་ཙམ་ཡིན་ཚུལ་བཤད་ནས་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ཀྱི་གནས་སྟངས་གསལ་བོ་མེད་པ་རེད།
གནས་ཚུལ་ལྟར་ན། སྤྱི་ལོ༢༠༡༢ལོར་དགེ་བྷེ་ཡིས་གླུ་གཞས་འོད་སྡེར་གསར་བ་ཞིག་བཏོན་པའི་ནང་། ལྷ་རྒྱལ་ལོ་བོད་རྒྱལ་ལོ་ཞེས་བ་དང་། ང་ཡོང་གི་ཡོད་ཟེར་བ་སོགས་གླུ་གཞས་དཀྲོལ་ལེན་བཅུ་ཙམ་ཡོད་པ་རྒྱ་ནག་གཞུང་གིས་དེ་མ་ཐག་འོད་སྡེར་འགྲེམས་སྤེལ་བྱེད་རྒྱུ་བཀག་བསྡོམས་དང་གཞུང་བཞེས་བྱས་ཡོད་པ་རེད། དེ་ནས་ད་བར་གླུ་བ་ཁོ་ཡང་ཕ་ཡུལ་ཕ་མ་དང་རིང་དུ་གྱེས་ནས་ཉེན་ཡོལ་བྲོས་བྱོལ་ལྟ་བུ་བྱས་ནས་བསྡད་ཡོད་པ་རེད་འདུག མདོ་སྨད་ཡུལ་དུ་ཁོ་ལ་མཐོ་སྒང་པི་ཝང་དཀར་པོའམ་ལ་རྒྱའི་གླུ་བ་དགེ་བྷེ་ཞེས་དགའ་མོས་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་རེད་ལ་བོད་ཕྱི་ལ་ཡང་ཁོང་གི་གླུ་ཚིག་གི་ནང་དོན་དབྱིན་ཡིག་ལ་བསྒྱུར་ནས་བོད་མི་ཚོས་དོ་སྣང་བྱེད་བཞིན་པ་རེད།
གསར་འགོད་པ་ཀླུ་འབུམ།
ཁོང་གི་འོད་སྡེར་ང་ཡོང་གི་ཡོད་ཞེས་བ་ཆ་ཚང་གཤམ་གྱི་དྲ་ཐག་ནས་གཟིགས་ཐུབ།