རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོཌ་པས་སྦན་ཀི་མུན་ལ་སྐྱོན་བརྗོད།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

2010.11.02

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སྦན་ཀི་མུན་གྱིས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་དང་ཐུག་འཕྲད་བྱུང་བའི་སྐབས་འདི་ལོའི་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་མཁན་རྒྱ་ནག་གི་དམངས་གཙོ་དོན་གཉེར་ལིའུ་ཤའོ་ཕུའུའི་གནད་དོན་ཙམ་གླེང་སློང་གནང་མེད་པ་དེར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

འགྲོ་བ་མིའི་ཐོབ་ཐང་ཐོག་དོ་སྣང་ཅན་དང་གནད་དོན་དབྱེ་ཞིབ་པ་ཚོས། འབྱུང་འགྱུར་ལོ་གསར་པའི་ནང་སྦན་ཀི་མུན་བསྐྱར་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་འོས་འདེམས་བྱེད་པའི་དུས་ཚོད་འཁེལ་བར་བརྟེན་ནས་ཁོང་གིས་གཟའ་འཁོར་འདིའི་ནང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་དང་མཇལ་འཛོམས་སྐབས་ལིའུ་ཤའོ་ཕུའུའི་གནད་དོན་གླེང་སློང་མ་གནང་བར་ཁུ་སིམ་པོ་གནས་པ་དེ་ནི་ཁོང་སྐུ་སྒེར་གྱི་ཕུགས་བསམ་དང་འབྲེལ་བ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་ཡང་འགྲོ་བ་མིའི་ལྟ་རྟོགས་ཚོགས་པའི་གནད་དོན་དབྱེ་ཞིབ་པ་སྐུ་ཞབས་ཕི་ལི་པེ་སྦོ་ལོ་པིཡོན་ཞུ་བས། སྐུ་ཞབས་སྦན་ཀི་མུན་རྒྱ་ནག་ཏུ་ཕེབས་ཐོན་མ་གནང་བའི་ཉིན་གཉིས་ཀྱི་གོང་གི་རེས་གཟའ་པ་སངས་ཉིན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨོང་སན་སུ་ཀི་བཟང་བཙོན་ནས་གློད་བཀྲོལ་གཏོང་དགོས་པའི་སྐོར་ལ་ཐེ་ཚོམ་མེད་པའི་ཐོག་ནས་འབོད་སྐུལ་གནང་བ་ཇི་བཞིན་ལིའུ་ཤའོ་ཕུའུའི་ཐོག་ལ་གཅིག་མཚུངས་བྱེད་དགོས་ཀྱི་རེད་ཅེས་དང༌། གལ་ཏེ་སྐུ་ཞབས་སྦན་ཀི་མུན་གྱིས་རྒྱ་ནག་ཁོང་ཁྲོ་སློང་རྐྱེན་ནས་གཡོལ་ཐབས་བྱས་ཏེ་ཁོང་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་རྒྱ་ནག་དངབསྟུན་མཁས་བྱེད་ཀྱི་ཡོད་ན།

རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལ་ལངས་ཕྱོགས་བརྟན་པོ་འཛིན་མཁན་དང་སྙིང་སྟོབས་ཅན་ཞིག་ཡོང་བར་འདོད་མཁན་ཚོའི་རྒྱབ་སྐྱོར་མེད་པར་འགྱུར་རྒྱུའི་ཉེན་ཁ་ཆེ་བའི་ཐབས་ཇུས་ཤིག་རེད་ཅེས་གསུང་ཡོད་པ་རེད། ད་དུང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཚོགས་པས་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། ང་ཚོས་སྐུ་ཞབས་སྦན་ཀི་མུན་གྱིས་སྲིད་འཛིན་ཧུའུ་ཇིན་ཐའོ་དང་སྐུ་སྒེར་གྱི་མཇལ་འཕྲད་སྐབས་ལིའུ་ཤའོ་ཕུའུའི་གནད་དོན་གླེང་སློང་གནང་རྒྱུའི་རེ་བ་ཆེན་པོ་བྱས་པ་ཡིན་ཡང་ཁོང་བསྐྱར་དུ་རྒྱལ་ཚོགས་ཀྱི་དྲུང་ཆེར་འོས་འདེམས་ཡོང་བའི་ཆེད་དུ་དམིགས་ཏེ་གླེང་སློང་མ་བྱས་པ་ཞིག་ཡིན་ན་ང་ཚོ་ཧ་ཅང་གི་བློ་ཕམ་གྱི་གནས་སུ་འགྱུར་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎