སྲིད་སྐྱོང་མཆོག་གིས་ཁེ་ཎ་ཊར་བོད་མི་གཞོན་སྐྱེས་ཚོར་གཏམ་བཤད་གནང་འདུག
2017.11.22
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁེ་ཎ་ཌའི་ནང་ཡོད་པའི་བོད་རིགས་གཞོན་སྐྱེས་ཚོར། ཁེ་ཎ་ཌའི་མི་སེར་གྱི་ཁེ་ཕན་ལེན་པའི་ཐོག་ནས་རང་ཉིད་བོད་རིགས་ཤིག་ཡིན་པ་དེ་མ་བརྗེད་པ་བྱས་ནས་རང་གི་ངོ་བོ་དང་རིག་གཞུང་གཅེས་ཉར་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པའི་གཏམ་བཤད་གནང་འདུག
དེ་ཡང་སྲིད་སྐྱོང་མཆོག་གིས་ཕྱི་ཚེས་ ༡༩ ་རེས་གཟའ་ཉི་མའི་ཉིན་ཁེ་ན་ཌའི་རྒྱལ་ས་ཊོ་རོན་ཊོར་བོད་མི་གཞོན་སྐྱེས་ཁག་ཅིག་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ཉིན་རེའི་ལས་དོན་གནང་ཕྱོགས་དང་། དབུ་མའི་ལམ་གྱི་སྲིད་བྱུས། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་དང་ཤེས་ཡོན་ཡར་རྒྱས་ཆེད་བཀའ་ཤག་གིས་འབད་བརྩོན་ཇི་ཙམ་གནང་བཞིན་པ། དེ་བཞིན་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དགོས་གལ་དང་། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས། བོད་མིའི་འཐབ་རྩོད་ཀྱི་མདུན་ལམ། དེ་བཞིན་དུས་རབས་ ༢༡ ་ནང་བོད་ཀྱི་ཁོར་ཡུག་དང་རིག་གཞུང་། ཆབ་སྲིད་ཐོག་གདོང་ལེན་བྱེད་དགོས་པའི་གནས་སྟངས་བཅས་ཀྱི་སྐོར་གསུངས་བཤད་གནང་འདུག
དེ་བཞིན་བོད་དང་བོད་མིའི་མདུན་ལམ་སྲ་བརྟན་ཡོང་སླད་བཀའ་ཤག་གི་ལས་འགན་དང་ལྷག་པར་བོད་མི་གཞོན་སྐྱེས་རྣམས་ལ་ལས་འགན་ག་རེ་ཡོད་མེད་བཀའ་ཤག་སྐབས་ ༡༥ ་ལྔ་དང་ལྔ་བཅུའི་འཆར་སྣང་འོག་འབྱུང་འགྱུར་བོད་མིའི་འཐབ་རྩོད་མུ་མཐུད་རྒྱུན་སྐྱོང་ཡོང་སླད་ཕན་ཐོགས་ཡོང་ངེས་པ་ཡིན་པ་དང་། ལོ་ལྔའི་ནང་ཚུད་ལ་རེ་བ་རྒྱག་ས་དེ་ནི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོབ་རྒྱུ་དེ་ཡིན་པ་དང་། གལ་ཏེ་ལོ་ལྔའི་ནང་དེ་ལྟར་མ་བྱུང་ནའང་འབྱུང་འགྱུར་ལོ་ལྔ་བཅུའི་ནང་རྒྱ་ནག་ནང་རིམ་བཞིན་བཟང་ཕྱོགས་ཀྱི་འགྱུར་བ་ཏན་ཏན་འགྲོ་ངེས་ཡིན་སྟབས། ང་ཚོས་གང་འདྲ་བྱས་ནས་བོད་མིའི་མངོན་འདོད་སྒྲུབ་ཐུབ་བྱ་རྒྱུའི་ཐད། ད་ལྟ་ནས་བསམ་བློ་བཏང་། འཆར་གཞི་བང་སྒྲིག་ནས་འགྲོ་དགོས་པ་རེད་ཅེས་གསུངས་འདུག
དེ་བཞིན་སྲིད་སྐྱོང་མཆོག་གིས། བོད་མི་གཞོན་སྐྱེས་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་དང་བླངས་ཞབས་ཞུ་ཚན་པ་(Tibet Corps)་བརྒྱུད་ནས་ཞབས་འདེགས་ཞུ་རྒྱུར་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།