སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་ཉིན་བདུན་པར་རྒྱལ་ས་གླེ་ཁུལ་གྱི་བརྒྱ་ཤོག་ཁག་ཏུ་འཚམས་གཟིགས།
སྤྱི་ལོ་ ༢༠༢༤ ཕྱི་ཟླ་ ༧ ཚེས་ ༨ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དྭགས་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་འབྱོར་བྱུང་ཡོད་པ་བཞིན། སྲིད་སྐྱོང་མཆོག་གི་མཛད་འཆར་བཞིན་བོད་མི་གནས་བཞུགས་ལ་དྭགས་རྒྱལ་ས་གླེ་དང་བྱང་ཐང་ཁག་འདྲ་མིན་དུ་འཚམས་གཟིགས་དང་མཇལ་འཕྲད་གནང་བའི་ཁྲོད། དེ་རིང་སྟེ་ཕྱི་ཟླ་ ༧ ཚེས་ ༡༤ ཉིན་སྲིད་སྐྱོང་མཆོག་གིས་རྒྱལ་ས་གླེ་ཁུལ་གྱི་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་འོག་ཚུད་པའི་བརྒྱ་ཤོག་ ༡༢ ཡོད་པ་ཁག་སོ་སོར་འཚམས་གཟིགས་དང་། བརྒྱ་ཤོག་སོ་སོའི་བརྒྱ་དཔོན་ནས་སྲིད་སྐྱོང་མཆོག་ལ་གཞིས་གྲོང་སོ་སོའི་ངོ་སྤྲོད་དང་ལས་སྡོམ་སྙིང་བསྡུས། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ནས་རོགས་སྐྱོར་སོགས་དགོས་མཁོ་ཡོད་པའི་སྙན་སེང་ཞུས་སོང་། བརྒྱ་ཤོག་ཁག་མང་ཆེ་བར་བརྒྱ་ཤོག་སྤྱི་ཁང་དང་མཆོད་ཁང། ཡང་བརྒྱ་ཤོག་ནང་རྩེད་རྭ་དང་དཔེ་མཛོད་ཁང་སོགས་གསར་རྒྱག་ཐོག དབུས་བོད་མིའི་སྒྲིག་འཛུགས་ནས་རྒྱབ་སྐྱོར་དགོས་པགསུངས་སོང་། དེ་བཞིན་བརྒྱ་ཤོག་ཁག་གི་ནང་ས་ཆ་ག་ཚོད་ཡོད་པའི་ཐོག་ལ་བརྒྱ་ཤོག་ཚང་མའི་ནང་གྲོས་མོལ་བྱུང་སོང་།
དེ་བཞིན་སྲིད་སྐྱོང་མཆོག་གིས་བརྒྱ་ཤོག་སོ་སོ་ནས་ཚང་མ་དབུས་བོད་མིའི་སྒྲིག་འཛུགས་ལ་བརྟེན་ནས་མ་བསྡད་པར་རང་ཁུངས་ནས་ཡར་རྒྱས་གཏོང་ཕྱིར་འབད་དགོས་པ་གསུངས་སོང་། སྲིད་སྐྱོང་མཆོག་བརྒྱ་ཤོག་དང་པོར་འཚམས་གཟིགས་གནང་བའི་ནང་། ས་གནས་སུ་གླེ་ལ་དྭགས་སུ་བོད་པར་རྫས་བསྒྱུར་ལས་སྣོན་བྱས་པའི་ཚྭ་ལུད་རིགས་བཀོལ་སྤྱོད་མི་བྱ་བའི་ཞིང་ལས་ཀྱི་ལས་འཆར། TOFILL ཡང་ན་ Tibetan Organic Farming In Leh Ladakh ལ་གཟིགས་སྐོར་ཕེབས་གནང་བ་མ་ཟད། བརྒྱ་ཤོག་ཁག་ལ་འཚམས་གཟིགས་གྲུབ་པའི་རྗེས་གླེ་སྨན་རྩིས་ཁང་དང་གླེ་ཁུལ་དུ་བོད་མི་སྐྱབས་བཅོལ་བའི་ཚོང་པའི་བདེ་དོན་སྒྲིག་འཛུགས་ལ་སྲིད་སྐྱོང་མཆོག་གི་འཚམས་གཟིགས་གནང་སོང་།
སྲིད་སྐྱོང་མཆོག་གི་ཕྱི་ཚེས་ ༡༠ ནས་ ༡༣ བར་ལ་དྭགས་བྱང་ཐང་ཁུལ་གྱི་བོད་མི་རྣམས་དང་མཇལ་འཕྲད་གནང་སྟེ་ཡོང་རྒྱུའི་དུས་སུ་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད། དེ་བཞིན་རྒྱལ་ས་གླེ་རུ་བཞུགས་མཁན་གྱི་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་མང་དང་མཉམ་ཚོགས་ཆེན་འཚོག་རྒྱུའི་མཛད་འཆར་འདུག
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།