སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྣེ་ཁྲིད་པའི་བོད་མིའི་སྐུ་ཚབ་ཀྱིས་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་གནད་འགག་ཅན་མང་པོ་ཞིག་དང་མཇལ་མོལ་གནང་པ།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ཟླ་ ༢ ཚེས་ ༧ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ Michael McCaul མཆོག་དང་། གྲོས་ཚོགས་འོག་མའི་དཔལ་འབྱོར་ལས་དོན་ཚོགས་ཆུང་གི་ཚོགས་མི་ Young Kim ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མ་རིའོ་ཌིཡེཛ། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ Brian Schartz ཨ་རིའི་གྲོས་ཚོགས་སུ་བོད་དོན་ཁྲིམས་ཡིག་གཏན་འབེབས་གནང་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྲོས་ཚོགས་གོང་མའི་འཐུས་མི་ Todd Young བཅས་དང་མཇལ་འཕྲད་གནང་སྟེ། གཙོ་བོ་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཁྲིམས་འཆར་ཞིག་གྲོས་ཚོགས་ནང་ཉེ་ལམ་འདོན་སྤེལ་ངོ་སྤྲོད་གནང་ཡོད་པ་འདིའི་ཐད་རྒྱབ་སྐྱོར་ཤུགས་གནོན་སྐྱོན་རྒྱུའི་ཆེད་འབོད་སྐུལ་གནང་ཡོད་པ་རེད། ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཡེཀ་མེཀོལ་མཆོག་གིས་སྲིད་སྐྱོང་མཆོག་དང་མཇལ་པར་དགའ་སྣང་ཆེན་པོ་གནང་ཡོད་ཅིང་། བོད་དོན་དཀའ་རྙོག་སེལ་དགོས་པའི་ཁྲིམས་འཆར་ཞིག་སླར་ཡང་ཨ་རིའི་གྲོས་ཚོགས་སྐབས་ ༡༡༨ པའི་ཐོག་ཉེ་ལམ་འདོན་སྤེལ་གནང་པར་སྲིད་སྐྱོང་མཆོག་གིས་ཁོང་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་མཇལ་མོལ་ནང་ལྷན་བཅར་ཞུས་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་གཙོ་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་ལ། སྲིད་སྐྱོང་མཆོག་ ༢༠༢༢ ཕྱི་ཟླ་ ༤ པའི་ནང་ཨ་རིའི་རྒྱལ་སར་གཞུང་འབྲེལ་སྲིད་སྐྱོང་གི་ལས་འཁུར་བཞེས་རྗེས་ཕྱོགས་ཕེབས་ཐེངས་ ༡ པོ་གནང་པའི་སྐབས་ཁྲིམས་འཆར་འདི་སྐོར་གླེང་སློང་བྱེད་པའི་གནས་ཚུལ་ཞིག་ཡིན་ཡང་། ད་རེས་ཕྱོགས་ཕེབས་ཐེངས་གཉིས་པའི་སྐབས་ཁྲིམས་འཆར་འདི་ཨ་རིའི་གྲོས་ཚོགས་ནང་དངོས་སུ་ངོ་སྤྲོད་ཟིན་པའི་དུས་ཚོད་གཅིག་འཁེལ་ཡོད་པ་རེད།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་མི་རི་ཀའི་ནང་ཕྱི་ཟླ་ ༢ ཚེས་ ༡ ཉིན་ཕེབས་འབྱོར་དང་བསྟུན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཨུཛ་ར་ཛེ་ཡ་མཆོག་དང་། དེ་བཞིན་ཕོ་བྲང་དཀར་པོའི་འབྲེལ་ཡོད་མི་སྣ་ཁག་དང་མཇལ་ཕྲད་གནང་ཡོད་ཅིང་། ད་རེས་ཕྱོགས་ཕེབས་སྐབས་འདིར་ཨ་རིའི་གྲོས་ཚོགས་འོག་མའི་ནང་མང་མོས་སུ་གྱུར་བ་སྤྱི་མཐུན་ཆབ་སྲིད་ཚོགས་པའི་འཐུས་མི་གནད་འགག་ཅན་ཁག་ཅིག་དང་ཆབ་སྲིད་ཚོགས་པ་གཉིས་ཀའི་འཐུས་མི་གཞོན་སྐྱེས་ཁག་ཅིག་མཇལ་མོལ་གནང་ཡོད་པ་འདི་གཙོ་གནད་ཅིག་ཡིན་འདུག་ལ། ཕྱི་ཚེས་ ༧ ཉིན་གྱི་མཛད་རིམ་དང་པོ་དེ་སྤྱི་མཐུན་ཚོགས་པའི་འཐུས་མི་གཞོན་གྲས་མ་རིའོ་ཌིཡེཛ་དང་མཇལ་ཡོད་པ་རེད། མ་རིའོ་ཌིཡེཛ་ལགས་ཀྱིས་ཁོང་གིས་བོད་ཀྱི་གནད་དོན་སྤྱི་དང་ལྷག་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་དོ་སྣང་ཡོད་པ་གསུངས་ཤིང་། མ་འོངས་བོད་དོན་དང་འབྲེལ་བའི་ཞུ་འབོད་རིགས་ཐད་ཀར་གནང་རྒྱུའི་སྐུལ་མ་ཡང་གནང་ཡོད་པ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་ཨ་རིའི་སྐུ་ཚབ་དོན་གཅོད་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགོ་ཁྲིད་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དྲུང་ཆེ་བཅས་ནས་ལྷན་བཅར་ཞུས་ཡོད་པ་རེད།
གསར་འགོད་པ། བཀྲིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།