སྲིད་སྐྱོང་མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་ལ་འཚམས་འདྲི་གནང་བ།
2016.01.19
ཐེ་ཝན་གྱི་སྲིད་འཛིན་གནང་རིང་བོད་ཀྱི་གནད་དོན་ཞི་བའི་ལམ་ནས་སེལ་ཐུབ་ཆེད་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་རེ་བ་ཞུས་འདུག
དེ་ཡང་ཕྱི་ལོ་༢༠༡༦ཟླ་༡ཚེས་༡༩ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། ལྕམ་སྐུ་ཚའི་དབྱིན་ཝིན་མཆོག་ལ་ཐེངས་འདིར་ཐེ་ཝན་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་རྒྱལ་ཁ་ཐོབ་ནས་ཡུལ་དེའི་སྲིད་འཛིན་དུ་འོས་འདེམས་བྱུང་བར་འཚམས་འདྲི་ཞུས་གནང་ཡོད་པ་རེད།
ཚའི་དབྱིན་ཝིན་ཐེ་ཝན་སྲིད་འཛིན་དུ་འོས་འདེམས་བྱུང་བར་སྲིད་སྐྱོང་གི་འཚམས་འཕྲིན་ནང། སྐུ་ཉིད་མཆོག་དང་སྐུ་ཉིད་མཆོག་གི་དམངས་གཙོ་ཡར་ཐོན་ཚོགས་པར་ཉེ་ལམ་ཐེ་ཝན་སྲིད་འཛིན་དང་། གྲོས་ཚོགས་ཀྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་རྒྱལ་ཁ་ཆེན་པོ་ཐོབ་པར་ངོས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་ཁྱེད་རྣམ་པར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་དང་། རྒྱལ་ཁ་དེས་ཐེ་ཝན་ནང་མང་གཙོའི་ལམ་ལུགས་སྲ་བརྟན་ཐོག་མུ་མཐུད་གནས་ཡོད་པའི་རྣམ་པ་མཚོན་པ་གསལ་སྟོན་བྱས་པ་ཙམ་དུ་མ་ཟད། བོད་མི་ཚོ་ལའང་སྙིང་སྟོབས་དེ་བས་ལྷག་པར་འཕེལ་གཞི་ཞིག་ཏུ་གྱུར་ཡོད། སྐུ་ཉིད་མཆོག་གི་ཆོད་སེམས་དང་འཆར་སྣང་། དེ་བཞིན་ཐེ་ཝན་མང་ཚོགས་ཀྱི་བདེ་དོན་ཆེད་ཞབས་ཞུ་སྒྲུབ་རྒྱུའི་ལྷག་བསམ་བཅས་ལ་མང་མོས་རྒྱབ་སྐྱོར་ཐོབ་པ་ཞིག་རེད། ཐེངས་འདིར་སྐུ་ཉིད་མཆོག་གིས་ཐེ་ཝན་ནང་བུད་མེད་ཀྱི་སྲིད་འཛིན་ཐོག་མའི་ཆབ་སྲིད་ཀྱི་འགན་དབང་བཞེས་རྒྱུར་སྐུ་ཉིད་ཀྱི་གང་ཅིའི་ཕྱག་ལས་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་མ་ཟད། སྐུ་ཉིད་མཆོག་ཡུན་རིང་ནས་བོད་མིར་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པའི་ངོས་ནས་བོད་ནང་དུ་རྒྱ་ནག་གཞུང་གིས་དབང་སྒྱུར་འོག་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་སེམས་འཚབ་ཆེན་པོའི་ཚོར་ཤུགས་ཡང་ཡང་བཏོན་གནང་བ་དེར་ང་ཚོས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། འབྱུང་འགྱུར་ཡང་སྐུ་ཉིད་མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་གྱི་ལས་ཡུན་སྐབས་བོད་ཀྱི་གནད་དོན་ཞི་བའི་ལམ་ནས་སེལ་ཐུབ་ཆེད་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན་ཞེས་འཚམས་འཕྲིན་ཞིག་བསྩལ་གནང་འདུག
ལྕམ་སྐུ་ཚའི་དབྱིན་ཝིན་མཆོག་ནི། བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་དང་། ཉེ་ལམ་ཐེ་ཝན་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་ལྕམ་སྐུ་མཆོག་གི་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་ཤུགས་ཆེ་ཐོབ་སྟེ། གྲོས་ཚོགས་དང་སྲིད་འཛིན་གྱི་འོས་བསྡུ་གཉིས་ཀའི་ནང་གོ་མིན་ཏང་གཞུང་འཛིན་པའི་ཆབ་སྲིད་ཚོགས་པར་ཕམ་ཉེས་ཆེན་པོ་བཏང་ཡོད་པ་རེད།
གསར་འགོད་པ་ཕྲེང་རིང་བསྟན་ནོར།