སྲིད་སྐྱོང་མཆོག་རྒྱ་གར་ནུབ་ཕྱོགས་དང་ཁེ་ན་ཊར་ཕེབས་འཆར་ཡོད་པ།
2015.11.12

སྲིད་སྐྱོང་མཆོག་ཁེ་ན་ཊའི་གྲོང་ཁྱེར་Halifaxནང་ཚོགས་རྒྱུའི་རྒྱལ་སྤྱིའི་སྲུང་སྐྱོབ་ཀྱི་ལྷན་ཚོགས་ཐེངས་བདུན་པར་མཉམ་ཞུགས་གནང་འཆར་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ཟླ་༡༡་པའི་ཚེས་༡༤ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཕེབས་ཐོན་གནང་སྟེ། ཕྱི་ཚེས་༡༥ཉིན་ཐོག་མར་རྒྱ་གར་གྱི་ནུབ་ཕྱོགས་མངའ་སྡེ་Goaའི་ནང་ཕེབས་འབྱོར་བྱུང་བའི་ཉིན་དེར་ཚོགས་རྒྱུའི་འགྲོ་བ་མིའི་འཕེལ་རྒྱས་སྐོར་གྱི་༢༠༡༥ལོའི་རྒྱ་གར་གྱི་ལྷན་ཚོགས་ཐེངས་གཉིས་པའི་མཛད་སྒོ་དབུ་འབྱེད་ཐོག་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད་།
རྒྱ་གར་གྱི་ལྷན་ཚོགས་དེ་ནི་རྒྱལ་སྤྱིའི་དབུ་ཁྲིད་དང་མཚན་སྙན་ཆེ་བའི་མཁས་པ་རྣམས་མཉམ་ཞུགས་གནང་སྟེ། འགྲོ་བ་མིའི་འཕེལ་རྒྱས་ཀྱི་བརྗོད་གཞི་མི་འདྲ་བའི་ཐོག་ལ་བགྲོ་གླེང་གནང་སྟེ། ལེགས་བྱ་བླངས་ཡུལ་གྱི་གལ་ཆེའི་སྡིང་ཆ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། སྲིད་སྐྱོང་མཆོག་མུ་མཐུད་ནས་ཕྱི་ཚེས་༡༦དང་༡༧ཉིན་ཚོགས་རྒྱུའི་ལྷན་ཚོགས་ཐོག་མཉམ་ཞུགས་གནང་རྒྱུ་མ་ཟད། ལྷན་ཚོགས་ཐོག་ལ་གཏམ་བཤད་གནང་རྒྱུ་ཡིན་པ་རེད།
དེ་ནས་ཕྱི་ཟླ་བཅུ་གཅིག་པའི་ཚེས་༡༨ཉིན་སྲིད་སྐྱོང་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་སྟེ་། ཕྱི་ཚེས་༡༩ཉིན་ལྡི་ལིའི་ནང་དུ་རྒྱ་གར་གཞུང་གི་ཤེས་རིག་དྲུང་ཆེ་མཆོག་དང་མཇལ་འཕྲད་གནང་རྒྱུ་དང་། ལྡི་ལིའི་ནང་གི་འཚམས་འདྲི་གྲུབ་པའི་རྗེས་ཏེ་ཕྱི་ཚེས་༡༩ཉིན་མོ་དེར་སྲིད་སྐྱོང་མཆོག་ཁེ་ན་ཊའི་ཕྱོགས་སུ་ཕེབས་ཐོན་གནང་སྟེ། ཕྱི་ཚེས་༢༡ཉིན་ཁེ་ན་ཊའི་གྲོང་ཁྱེར་Halifaxནང་ཚོགས་རྒྱུའི་རྒྱལ་སྤྱིའི་སྲུང་སྐྱོབ་ཀྱི་ལྷན་ཚོགས་ཐེངས་བདུན་པའི་ཐོག་ཚོགས་བཅར་གནང་རྒྱུ་ཡིན་པ་རེད། ལྷན་ཚོགས་དེ་ནི་རྒྱལ་སྤྱིའི་གཞུང་དང་དམག་དོན་དཔོན་རིགས། ཆེད་ལས་མཁས་པ། རྩོམ་བྲིས་པ། ཁེ་ལས་མི་སྣ་བཅས་ཀྱིས་རྒྱལ་སྤྱིའི་སྲུང་སྐྱོབ་ཀྱི་གནད་དོན་ཐོག་ལ་གཏམ་བཤད་གནང་གི་ཡོད་པ་རེད།
ཕྱི་ཚེས་༢༢ཉིན་ཁེ་ན་ཊ་ནས་རྒྱ་གར་ཕྱོགས་སུ་ཕྱིར་ལོག་གནང་སྟེ་ཕྱི་ཚེས་༢༤ཉིན་རྒྱལ་ས་ལྡི་ལིར་ཕེབས་འབྱོར་གནང་ནས་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ལོག་ཕེབས་ཀྱི་ཡོད་པ་རེད།
གསར་འགོད་པ་གཡུ་སྒྲོན།