བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་གཏན་འབེབས་བྱུང་བར་སྲིད་སྐྱོང་མཆོག་ནས་ཐུགས་རྗེ་ཆེ་ཞུ།

2024.02.16
བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་གཏན་འབེབས་བྱུང་བར་སྲིད་སྐྱོང་མཆོག་ནས་ཐུགས་རྗེ་ཆེ་ཞུ།
སྒྲིག་བཟོ་མཁན། ནོར་བུ་སྒྲོལ་མ། RFA

བོད་མིའི་སྒྲིག་འཛུགས་ཀྱིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་མེ་རི་ཀའི་གྲོས་ཚོགས་འོག་མའི་ནང་འདི་ཟླའི་ཚེས་༡༥་ཉིན་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་ཚད་མཐོའི་ཐོག་ནས་གཏན་འབེབས་བྱུང་བར་དགའ་བསུ་ཞུས་གནང་བ་དང་སྦྲགས། ཁྲིམས་འཆར་དེ་གཏན་འབེབས་ཡོང་བར་མཉམ་རུབ་སྒོ་ནས་ཕྱག་ལས་གནང་མཁན་ཚོགས་པ་སྒྲིག་འཛུགས་ཁག་སྤྱི་དང་། ལྷག་དོན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་RichardGereདབུས་པའི་མི་སྣ་སྐུ་སྒེར་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག

དེ་ཡང་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་བོད་ཀྱི་བརྙན་འཕྲིན་ཁང་བརྒྱུད་ནས་གསུངས་དོན། ད་རེས་ཀྱི་ཁྲིམས་འཆར་འདིར་ཚད་མཐོ་པོའི་རྒྱབ་སྐྱོར་ཐོབ་ཡོད་པ་དང་། གྲོས་ཚོགས་འཐུས་མི་༢༨ ནས་འགག་བྱ་གནང་ཡོད་ནའང་། ཁོང་རྣམ་པས་ཁྲིམས་འཆར་གྱི་ནང་དོན་ཤུགས་ཆུང་དྲག་པ་ལ་བརྟེན་ནས་འགག་བྱ་གནང་པ་ཡིན་སྐོར་གསུངས་མཁན་ཡོད་དུས། དགག་བྱ་གནང་མཁན་དེ་ཚོ་ཡང་བོད་པར་རྒྱབ་སྐྱོར་མེད་པ་མ་ཡིན་པར་ཁོང་ཚོས་ཁྲིམས་འཆར་གྱི་ནང་དོན་ཤུགས་ཆུང་དྲག་པ་ལ་བརྟེན་ནས་ཡིན་སྐོར་གསུངས་ཡོད་སྟབས། གྲོས་འཆར་དེ་གང་ལྟར་གྲོས་ཚོགས་ནང་སྤྱི་མོས་ཀྱིས་གཏན་འབེབས་གནང་བ་ཞིག་རེད་ཟེར་ན་མ་འགྲིག་པ་མེད་སྐོར་གསུངས་ཡོད་པ་རེད། ཁོང་གིས་ད་དུང་། བོད་ཀྱི་གནས་ཚུལ་དེ་འཛམ་བུ་གླིང་གི་ནང་གནས་པ་ཙམ་མ་ཚད། རྒྱབ་སྐྱོར་ཚད་མཐོ་པོ་ཐོབ་པ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ཡིན་སྐོར་གསུངས་ཡོད་པ་རེད།

ཨ་མ་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་ཚང་འཛོམས་ཀྱི་གྲོས་ཚོགས་ཐོག་ཕྱི་ཟླ་༢ཚེས་༡༥ཉིན་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་གཏན་འབེབས་སྐབས། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་གྲངས་༣༩༢ཀྱི་རྒྱབ་སྐྱོར་དང་། འཐུས་མི་གྲངས་༢༨ཀྱི་འགག་བྱ་གནང་ནས་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་དེ་ཚད་མཐོའི་མང་མོས་ཀྱི་ཐོག་ནས་གཏན་འབེབས་གནང་འདུག ད་ཆ་བོད་དོན་ཐད་ཀྱི་ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་གཏན་འབེབས་ཀྱི་ལས་གཞིའི་ཁོངས་སུ་འགྲོ་རྒྱུ་ཡིན་པ་རེད།

བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་འདི་ཐོག་མར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁག་ཅིག་གིས། ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༡༢བའི་ཚེས་༢༠ ཉིན་ངོ་སྤྲོད་གནང་ཞིང་། ཁྲིམས་འཆར་དེའི་ནང་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབས་དང་། བོད་རྒྱའི་དཀའ་རྙོག་སེལ་རྒྱུར་ཨ་རིའི་གཞུང་གི་ལངས་ཕྱོགས་ཇི་ལྟར་བཟུང་དགོས་པ། བོད་རྒྱའི་དཀའ་རྙོག་འདི་སྔོན་འགྲོ་ཆ་རྐྱེན་གང་ཡང་མེད་པར་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་སོགས་འཁོད་པའི་ཁྲིམས་འཆར་ཞིག་ཡིན་པ་རེད།།

 

གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎