སྲིད་སྐྱོང་མཆོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་སྨན་རི་གླིང་དུ་ཆེད་ཕེབས་ཀྱིས་༧སྐྱབས་རྗེ་སྨན་རི་ཁྲི་འཛིན་མཆོག་ལ་མཇལ་བཅར་ཞུས་པ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༧ ཉིན་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སོ་ལན་གྲོང་ཁྱེར་གྱི་ཉེ་འཁྲིས་སུ་ཆགས་པའི་རྡོ་ལན་ཇི་བོན་གཞིས་ནང་རྟེན་གཞི་བྱས་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོར་སྨིན་རི་སྤྱི་སྤུངས་ཞི་ཁྲོའི་སྨན་གྲུབ་ཆེན་མོ་ལེགས་པར་འགྲུབ་པའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་པ་ལྟར་ཕེབས་ཞུགས་གནང་འདུག་ལ། ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་སྨན་རི་ཁྲི་འཛིན་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་སྲིད་སྐྱོང་མཆོག་གི་སྤྱི་ཚོགས་དྲ་རྒྱ་ཁག་ཏུ་གནས་ཚུལ་བཀོད་སྤེལ་བྱས་འདུག་ལ། སྐབས་དེར་ས་གནས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་། གཡུང་དྲུང་བོན་གྱི་ཆོས་བརྒྱུད་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་བཅས་ཀྱིས་ཀྱང་མཉམ་བཅར་ཞུས་ཏེ་ཕེབས་བསུའི་སྣེ་ལེན་ཞུས་འདུག
ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ཟླ་ ༤ ཚེས་ ༢༦ ནས་བཟུང་བོན་གཞིས་དང་དེ་ནས་རིམ་བཞིན་ཡོ་རོབ་ཀྱི་སུད་སི་དང་། ཕ་རན་སི། ཨི་ཊ་ལི་། ཨོའསི་ཊརི་ཡ། འཇར་མི་ནི་བཅས་སུ་ཕྱི་ཟླ་ ༥ ཚེས་ ༢༡ བར་གཞུང་དོན་འཚམས་གཟིགས་གནང་རྒྱུ་ཡིན་ཞིང་། དེ་རྗེས་ཕྱིར་ལམ་རྒྱ་གར་རྒྱལ་ས་ལྡི་ལིར་འབྲེལ་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུས་མཚོན་མཛད་རིམ་ཁག་ཅིག་གཏན་འཁེལ་བྱུང་ཡོད་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།