རྒྱ་ནག་གཞུང་རང་ཉིད་ཁ་བྲལ་རིང་ལུགས་པ་ངོ་མ་དེ་ཆགས་ཡོད་ཅེས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་སྐྱོན་བརྗོད་ལ་ལན་འདེབས་གནང་ཡོད་པ།

ཨ་མི་རི་ཀ་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨ་ཛི་རཱ་ཛི་ཡ་མཆོག། ཉེ་ལམ་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་དང་སྲིད་སྐྱོང་སྤེན་པ་ཚེ་རིང་བཅས་ལ་མཇལ་འཕྲད་གནང་བར། སྤྱི་ཚེས་༡༩ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲོའོ་ལི་ཅའན་ནས། བོད་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། བོད་ཀྱི་ཆོས་ལུགས་གནད་དོན་ནི་རྒྱ་ནག་གི་ནང་སྲིད་གནད་དོན་ཡིན་པ། ཨ་མི་རི་ཀ་གཞུང་ངོས་ནས་བོད་རྒྱ་ནག་གི་ཆ་ཤས་དང་བོད་རང་བཙན་གྱི་ལས་དོན་ལ་རྒྱབ་སྐྱོར་མི་བྱེད་པའི་སོ་སོའི་རྩ་དོན་ཐོག་གནས་དགོས་པ་སོགས།”ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་རྡ་རམ་ས་ལར་གཟིགས་སྐོར་གནང་བར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་ནའང་། སྤྱི་ཟླ་༥པའི་ཚེས་༢༠ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས། ཁ་བྲལ་རིང་ལུགས་པ་ངོ་མ་དེ་ནི་རྒྱ་ནག་གཞུང་རང་ཉིད་ཆགས་ཡོད་པ།འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དམིགས་བསལ་བཅར་འདྲིའི་སྐབས་འགྲེལ་བརྗོད་གནང་གི་འདུག
ད་དུང་རྒྱ་ནག་གཞུང་གིས་“བཙན་བྱོལ་བོད་གཞུང་ནི་ཁ་བྲལ་གྱི་སྲིད་དོན་ཚོགས་པ་ཞིག་ཡིན་པ་དང་། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ནི་ཆོས་པའི་མིང་ཁུར་གྱི་སྲིད་དོན་སྐྱབས་བཅོལ་བ་ཞིག་སྟེ། བོད་རྒྱ་ནག་ལས་ཁ་བྲལ་གྱི་ལས་དོན་སྤེལ་མཁན་ཞིག་ཡིན་པ། བོད་མིའི་སྒྲིག་འཛུགས་དེ་འཛམ་གླིང་གི་གཞུང་སུས་ཀྱང་ངོས་ལེན་མེད་པ་”སོགས་བཤད་ཡོད་པར། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་རྒྱ་ནག་གཞུང་གིས་དགག་པ་མ་བརྒྱབ་ན།འཛམ་གླིང་འདིར་གནས་ཚུལ་ཤུགས་ཆེ་ཆགས་ཀྱི་མེད་པས། དགག་རྒྱག་དེ་བོད་དོན་དྲིལ་བསྒྲགས་ལ་དོན་གྱིས་ཕན་ཐོགས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཕྱིའི་འཛམ་གླིང་ལ་མགོ་སྐོར་བཏང་ཐུབ་ཀྱི་མ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བལ་ཡུལ་རྒྱལ་ཁབ་ཏུ་རིང་མིན་ཕེབས་ཀྱི་ཡོད་པ་དང་། བལ་ཡུལ་ནང་བོད་པ་ཡིག་ཆ་མེད་པ་དཀའ་ངལ་ཅན་ཚོར་དཀའ་ངལ་སེལ་བའི་ཐབས་ཤེས་ཤིག་སུས་གནང་ན། བོད་མིའི་སྒྲིག་འཛུགས་ཀྱིས་དེ་ལ་དགའ་བསུ་གནང་ཡོད་ཅེས་ཞུས་ཡོད་པ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་འགྲེལ་བརྗོད་གནང་གི་འདུག
ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨ་ཛི་རཱ་ཛི་ཡ་མཆོག། སྤྱི་ཚེས་༡༧ནས་རྒྱ་གར་རྒྱལ་ས་ལྡི་ལི་རུ་རྒྱ་གར་གྱི་འབྲེལ་ཡོད་མི་སྣ་ལ་འབྲེལ་ཐུག་གནང་བ་བརྒྱུད། སྤྱི་ཚེས་༡༨ནས་བཞུགས་སྒར་དུ་ཆེད་ཕེབས་གནང་སྟེ། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་དང་སྲིད་སྐྱོང་ལ་མཇལ་འཕྲད་ཙམ་མ་ཟད།བཙན་བྱོལ་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལའང་མཇལ་མོལ་གྱིས། བོད་དོན་སྤྱི་དང་བྱེ་བྲག་བོད་མིའི་བདེ་སྡུག་ཐད་རྒྱུས་ལོན་གནང་ཡོད་པ་མ་ཟད། བོད་མིའི་ཆོས་དང་རིག་གཞུང་དང་ཤེས་ཡོན་གྱི་ལྟེ་གནས་ཁག་བཅས་ལའང་གཟིགས་ཞིབ་རྒྱུས་ལོན་གནང་ཡོད་པ་རེད།