སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་དུ་ཝར་ཝིཀ་དཔལ་འབྱོར་ཚོགས་འདུའི་ཐོག་བོད་དོན་ངོ་སྤྲོད་ཀྱི་གསུང་བཤད་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྦལ་ཊིཀ་མངའ་ཁུལ་གྱི་རྒྱལ་ཁབ་གསུམ་དང་ཡོ་རོབ་ཕིན་ལེནཌི་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་ཐོག་མར་གནང་སྟེ། ཟླ ༢ ཚེས ༢ ནས་ ༣ བར་དབྱིན་ཡུལ་ནང་བོད་དོན་དང་འབྲེལ་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱ་རིགས་ཉམས་ཞིབ་པ། ས་གནས་བོད་མི་བཅས་དང་མཇལ་འཕྲད་གནང་ཞིང་། ཕྱི་ཟླ་ ༢ ཚེས་ ༣ ཉིན་གྱི་དགོང་མོ་སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་གྱིས་ Warwick སློབ་ཆེན་དུ་བསྐོངས་པའི་ Warwick དཔལ་འབྱོར་ཆེས་མཐོ་ལྷན་ཚོགས་སྟེང་གསུང་བཤད་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་གཙོ་བོ་བོད་དོན་དང་ད་ལྟའི་བོད་ཕྱི་ནང་གཉིས་ཀའི་གནས་སྟངས་སྐོར་གསུང་བཤད་གནང་ཡོད་པ་རེད། འདི་ནི་བོད་མིའི་ཆབ་སྲིད་འགོ་ཁྲིད་སྲིད་སྐྱོང་གིས་གྲགས་ཆེའི་ཚོགས་འདུར་ངོས་འཛིན་ཞུ་ཡུལ་དེར་གསུང་བཤད་གནང་པ་ཐོག་མར་དེ་ཆགས་ཡོད་འདུག
འདི་སྐོར་སྲིད་སྐྱོང་མཆོག་དང་མཉམ་བཅར་ཞུ་མཁན་དབྱིན་ཡུལ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བློ་བཟང་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་དོན། སྲིད་སྐྱོང་མཆོག་གིས་ཆེས་མཐོའི་དཔལ་འབྱོར་ལྷན་ཚོགས་དེའི་སར་མི་གང་བྱུང་ཡོང་ཆོག་ཆོག་ཅིག་མིན་པར་ཚོགས་བཅར་བ་ཚོས་འཛིན་བྱང་ཉོ་དགོས་ཀྱི་ཡོད་ཀྱང་། དགེ་རྒན་དང་། སློབ་མ། ཤེས་ཡོན་ཅན་པ་བཅས་མི་གྲངས་བཞི་བརྒྱ་ལྷག་ཚོགས་ཞུགས་གནང་ཡོད་པ་མ་ཟད། དེའི་ནང་ནས་རྒྱ་ནག་ནས་ཡོང་བའི་རྒྱ་རིགས་སློབ་མ་མང་པོ་བཅར་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་ད་རེས Warwick དཔལ་འབྱོར་ཆེས་མཐོའི་ལྷན་ཚོགས་སྟེང་གསུང་བཤད་གནང་པ་ཁག་ལ་ཚོགས་བཅར་བ་རྣམས་ཀྱིས་དོ་སྣང་ཆེན་པོ་གནང་སོང་ཞེས་འགྲེལ་བརྗོད་གནང་བྱུང་ལ། ལྷག་པར་དྲི་བ་དང་པོ་བཏང་མཁན་རྒྱ་རིགས་སློབ་མ་གཅིག་གི་དྲི་བར་བཀའ་ལན་གནང་དུས་ཚོགས་བཅར་བ་རྣམས་ཀྱིས་ཕྱག་བརྡབ་ནས་དགའ་བསུ་ཞུས་པ་སོགས་བྱུང་ཡོད་པ་འགྲེལ་བརྗོད་གནང་བྱུང་། དེ་ཡང་བློ་ཆོས་ལགས་ཀྱིས་གསུངས་དོན་དུ། སྲིད་སྐྱོང་མཆོག་གི་གསུང་བཤད་སྐབས་རྒྱ་རིགས་སློབ་མ་གཅིག་གིས་རྒྱ་ནག་གཞུང་གི་ལྟ་ཚུལ་དང་བཤད་སྟངས་ཇི་མ་ཇི་བཞིན་དུ་བཤད་ནས་དྲི་བ་ཕུལ་བའི་བཀའ་ལན་དུ། ད་ལྟ་ཁྱེད་རང་ཚོ་རང་དབང་ཡུལ་གྲུ་ན་ཡོད་དུས། འཛམ་གླིང་གང་སའི་གཞུང་དང་ཚོགས་པ་སྒྲིག་འཛུགས་ཁག་གིས་ཚད་ལྡན་སྙན་ཐོ་མང་པོ་བཏོན་ཡོད་པ་དེ་དག་ལ་གཟིགས་ན། དངོས་ཡོད་གནས་སྟངས་གང་ཡིན་མིན་གྱི་བརྡར་ཤ་ཆོད་ངེས་ཡིན་པའི་ལམ་སྟོན་གསལ་བཤད་གནང་བ་དང་མཉམ། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་ལངས་ཕྱོགས་སོགས་ངོ་སྤྲོད་གནང་འདུག དབྱིན་ཇིའི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བློ་ཆོས་ལགས་ཀྱིས་མུ་མཐུད་གསུངས་ན། Warwick དཔལ་འབྱོར་ཆེས་མཐོའི་ལྷན་ཚོགས་སྟེང་སྲིད་སྐྱོང་མཆོག་ནི་གཏམ་བཤད་གནང་མཁན་གཙོ་བོ་དེ་ཡིན་པ་གསུངས་ཤིང་། དེ་མིན་ཨ་རི་དང་། དབྱིན་ཡུལ། ཨའོསི་ཊརེ་ལི་ཡ་སོགས་ནས་སྲིད་དོན་པ་དང་ཆེད་མཁས་མི་སྣ་མང་པོས་གཏམ་བཤད་གནང་ཡོད་འདུགསྲིད་སྐྱོང་མཆོག་གིས་ཕྱི་ཚེས་ ༣ ཉིན་དབྱིན་ཡུལ་ནང་གི་བོད་མི་ཚོ་དང་ཚེས་ ༢ ཉིན་དབྱིན་ཡུལ་ནང་གི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་བཀའ་ཤག་གི་ལས་འཆར་ཁག་དང་ད་ལྟའི་བོད་དོན་གྱི་གནས་བབ་སོགས་ཀྱི་ཐད་མཚམས་སྦྱོར་གནང་ཡོད་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཟླ ༢ པའི་ཚེས ༢ ནས ༣ དབྱིན་ཡུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་ནས། ཡུ་རོབ་བྷེལ་ཇམ་ཡུལ་ལ་ཕེབས་ཐོན་གནང་རྒྱུ་ཡིན་འདུག
གསར་འགོད་པ། གཡུ་སྒྲོན། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།