བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་རྒྱ་གར་ལྷོ་ཕྱོགས་སུ་འཚམས་གཟིགས་ཐེངས་གཉིས་པ།

2025.02.14
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་རྒྱ་གར་ལྷོ་ཕྱོགས་སུ་འཚམས་གཟིགས་ཐེངས་གཉིས་པ། སྲིད་སྐྱོང་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་འཚམས་གཟིགས་གནང་སྐབས། ༢༠༢༥།༠༢།༡༤ ཉིན།
CTA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་ཟླ་ ༢ ཚེས་ ༡༢ ནས་ ཟླ་ ༣ ཚེས་ ༤ བར་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཁག་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད་ཐེངས་གཉིས་པ་གནང་བཞིན་པ་དང་བསྟུན། ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ་ནས་གདན་ཞུས་གནང་བ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོར་བཅར་ཡོད་པ་དང་། དེ་བཞིན་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་དང་། བདེ་སྐྱིད་སླར་གསོ། ཧོན་སུར་གཞིས་ཆགས་བཅས་སུ་ཕེབས་རྒྱུའི་མཛད་འཆར་ཡོད་པ་རེད་འདུག476877100_1035318025298359_3680405963921324028_n.jpg

དེ་ཡང་ཟླ་འདིའི་ཚེས་ ༡༢ རེས་གཟའ་ལྷག་པའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས། ཆོས་སྡེ་བཀྲ་ཤིས་ལྷུན་པོའི་འདུས་སྤྱི་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཡུན་རིང་བརྟན་སླད་དུ་མདོ་ལུགས་ཀྱི་གནས་བརྟན་བཅུ་དྲུག་འབྲེལ་བའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཐོག་ལྷན་བཞུགས་ཀྱིས། མནྜལ་རྟེན་གསུམ་འདེགས་འབུལ་ཞུས་གནང་ཡོད་པ་དང་། དེ་རྗེས་སུ་སེ་ར་བྱེས་སྨད་གཉིས་ཀྱི་གྲྭ་ཚང་དུའང་གཟིགས་སྐོར་ཕེབས་སྐབས་སྲིད་སྐྱོང་མཆོག་གིས། དེ་སྔ་བོད་ཀྱི་འཐབ་རྩོད་ནང་ ༡༩༩༡ ལོར་རྒྱལ་སྤྱིའི་བོད་ཀྱི་ལོ་ (International Year Of Tibet) ཞེས་སྲུང་བརྩི་ཞུས་ཡོད་པས། འདི་ལོར་༸སྐུའི་གོ་སྟོན་གྱི་གལ་གནད་ངོ་སྤྲོད་གསུང་བཤད་གནང་བ་དང་མཉམ།  རྒྱལ་སྤྱི་ཁྱོན་ཡོངས་སུ་བྱམས་བརྩེའི་ཉིན་མོ་ཞེས་སྲུང་བརྩི་ཞུ་རྒྱུ་དང་ལྷག་པར་དུ་ས་ཕྱོགས་གང་སར་གནས་སྡོད་བོད་མིའི་ཚོགས་སྡེ་ཁག་མ་ཟད། རང་ཉིད་གནས་སྡོད་བྱེད་སའི་ཡུལ་མི་དང་ལྷན་དུ་འཆམ་མཐུན་གྱིས་༸སྐུའི་གོ་སྟོན་དང་འབྲེལ་བའི་ལས་འཆར་བརྒྱུད་བོད་མིའི་ངོ་བོ་མི་ཉམས་རྒྱུན་གནས་ཐུབ་པ་བཟོ་དགོས་པ་གལ་ཆེན་ཡིན་པ་དང་། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བོད་མིའི་ངོ་བོ་སྲུང་སྐྱོབ་སླད་སྐུ་ལས་བསྐྱོན་ཡོད་པས། དེ་ཚོ་དུས་ནས་དུས་སུ་བསྐྱར་དྲན་བྱེད་པའི་ཐོག་ནས།  རྒྱ་གར་གཞུང་མང་ནི་བོད་མི་ཚོའི་འཚོ་གནས་ཐུབ་པའི་གཞི་རྩར་ངོས་འཛིན་གྱིས། རྒྱ་གར་ཡུལ་མི་དང་འཆམ་མཐུན་བྱ་དགོས་པ་དང་བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་གནང་དགོས་པའི་སྐོར་སོགས་ནན་བརྗོད་གནང་འདུག

དེ་དང་འབྲེལ་ཏེ་སྦེང་ལོར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་ཟླ་འདིའི་ཚེས་  ༡༢ ལ་བཀྲ་ཤིས་ལྷུན་པོ་དགོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བརྟན་བཞུགས་དང་། ཕྱི་ཚེས་ ༡༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གསུང་ཆོས་ལ་ཆེད་བཅར་གནང་ཡོད་པ་ལྟར། ཕྱི་ཚེས་ ༡༦ ཉིན་ཧོན་སུར་ལ་ཆེད་ཕེབས་ཀྱིས་ཕྱི་ཚེས་ ༡༧ ཉིན་སྨད་རྒྱུད་གྲྭ་ཚང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བརྟན་བཞུགས་ལ་བཅར་རྒྱུ་དང་། ཧུན་སུར་བོད་མིའི་གཞི་ཆགས་ཁག་གི་མི་མང་དང་གདན་ས་ཁག་དང་སློབ་གྲྭ་ཁག་བཅས་ལ་འཚམས་གཟིགས་དང་གསུང་བཤད། ཕྱོགས་མཚུངས་རྫོང་དཀར་ཆོས་སྡེའི་ལོ་འཁོར་གཏོར་རྒྱག་ཐོག་སྐུ་མགྲོན་གཙོ་བོར་ཕེབས་འཆར་བཅས་ཀྱི་མཛད་རིམ་ཡོད་པ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཟླ་འདིའི་ཚེས་ ༡༡ ཉིན་རྒྱ་གར་ཀ་ལོན་སྦུག་ཏུ་ཕེབས་ཏེ་བཀའ་བློན་ཁྲི་ཟུར་དམ་པ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར། ཁོང་གི་ཤུལ་ལུས་སྐུ་འཁོར་ལྟོས་བཅས་ལ་ཐུགས་གསོའི་ཆེད་བཅར་གནང་ཡོད་པ་དང་། དེ་རྗེས་རྒྱ་གར་ལྷོ་ཕྱོགས་སུ་ཟླ་ ༢ ཚེས་ ༡༢ ནས་ཟླ་ ༣ ཚེས་ ༤ བར་ས་གནས་ཀྱི་གདན་ས་ཁག་དང་སློབ་གྲྭ་ཁག ལས་ཁུངས་དང་གྲོང་སྡེ་རེ་རེ་བཅས་ལ་འཚམས་གཟིགས་ཀྱིས་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་གཉིས་པའི་མཛད་འཆར་སྣ་མང་ཞིག་མུ་མཐུད་གནང་མུས་རེད་འདུག

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།




 




བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎