སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ།

2025.02.18
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་སམ་བྷོ་ཊའི་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་སྐབས། ༢༠༢༥།༠༢།༡༧ ཉིན།
CTA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་ཟླ་བ་འདིའི་ཚེས་ ༡༢ ཉིན་ནས་འགོ་བཙུགས་ཀྱིས། རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། འདི་ཚེས་ ༡༦ ཉིན་སྲིད་སྐྱོང་མཆོག་ནས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆིབས་ཞབས་སུ་ཧོན་སུར་བོད་མིའི་གཞིས་ཆགས་སུ་ཕེབས་ཐོན་གྱིས། འདི་ཚེས་ ༡༧ ཉིན་གྱི་སྔ་དྲོར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོར་ལྷན་བཞུགས་གནང་ཡོད་པ་རེད།

བརྟན་བཞུགས་གྲུབ་མཚམས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་ཧོན་སུར་རབ་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁུངས་དང་། གུ་རུ་པུ་ར་སོ་ནམ་གཞི་རིམས་མཉམ་འབྲེལ། གུ་རུ་པུ་ར་འོ་མ་མཉམ་འབྲེལ། སམ་བྷོ་ཊ་སློབ་གྲྭ། རྒན་གསོ་ཁང་། ཨོ་རྒྱན་གླིང་དགོན་པ། ཕན་བདེ་སྨན་ཁང་། ཡན་ལག་སྨན་རྩིས་ཁང་། རྫོང་དཀར་ཆོས་སྡེ་གྲ་ཚང་བཅས་སུ་འཚམས་གཟིགས་གནང་ཡོད་པ་དང་། སམ་བྷོ་ཊའི་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་བའི་ནང་སྲིད་སྐྱོང་མཆོག་གིས། བོད་རོགས་གཞོན་སྐྱེས་ཚོས་བོད་ཀྱི་ལོ་རྒྱུས་དང་འཕགས་བོད་གཉིས་ཀྱི་འབྲེལ་ལམ། ལྷག་པར་བོད་ཀྱི་སྐད་ཡིག་དང་ཆོས་རིག་འཕེལ་རིམ་སོགས་ཀྱི་ཐད་གོ་རྟོགས་གང་ལེགས་དགོས་པ་ནན་བརྗོད་གནང་བ་དང་སྦྲགས། རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་བསམ་པའི་ཐོག་ནས་ས་གནས་ཡུལ་མི་དང་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གནང་གལ་ཆེ་བའི་སྐོར་གསུངས་འདུག

སྲིད་སྐྱོང་མཆོག་གིས་མུ་མཐུད། རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་དང་ཚུ་མཛོད་གསར་རྒྱག་སོགས་ཚད་ལས་བརྒལ་བའི་འཛུགས་སྐྲུན་ལ་བརྟེན་བོད་ནང་གི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེ་གཏོང་བཞིན་ཡོད་པ་ནི། ཉེ་ལམ་བོད་ནང་དུ་ས་ཡོམ་གྱི་གོད་ཆགས་ཤུགས་ཆེ་བྱུང་ཡོད་པ་ལས་གསལ་པོར་རྟོགས་ཤིང་། རྒྱ་ནག་གཞུང་གིས་བོད་ནང་གི་ཁོར་ཡུག་ལ་གནོད་འཚེའི་ལས་གཞི་སྤེལ་བཞིན་པ་དེ་དག་གིས་མ་འོངས་བོད་ཙམ་དུ་མ་ཟད་ཁྱིམ་མཚེས་རྒྱལ་ཁབ་སྤྱི་ཡོངས་ལ་གནོད་སྐྱོན་ཐེབས་ངེས་ཡིན་པ་ནན་བརྗོད་གནང་འདུག མ་ཟད་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་བོད་མིའི་གནས་སྟངས་གང་ལེགས་ཡོད་པར་བཀའ་དྲིན་རྗེས་དྲན་དང་། བོད་མི་མི་རབས་རྒན་པ་རྣམས་ནས་བོད་དོན་ཆེད་དུ་བློས་བཏང་གནང་ཡོད་པ་རྣམས་ལ་ཐུགས་རྗེ་ཆེ་ཞེས་ཞུས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་རྒྱ་གར་ལྷོ་ཕྱོགས་སུ་གཞུང་འབྲེལ་འཚམས་གཟིགས་དང་བསྟུན། སེ་ར་བླ་སྤྱི་དང་། ཆོས་སྡེ་བཀྲ་ཤིས་ལྷུན་པོ། དཔལ་ལྡན་རྒྱུད་སྨད་གྲྭ་ཚང་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས་ལྷན་བཞུགས་གནང་ཡོད་པ་དང་། ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། རྒྱ་གར་དབུས་གཞུང་ནང་སྲིད་ལྷན་ཁང་གི་བློན་ཆེན་གཞོན་པ་སྐུ་ཞབས་བྷན་དི་སན་ཇེ་ཀུ་མར་ (Shri Bandi Sanjay Kumar) གཙོས་ཨནྡྲ་ཝམ་སི་ (Andra Vamsi) ལགས་དང་། ཤྲི་ནི་ཝ་སི་པ་རི་མ་ལ་ (Srinivas Parimala) ལགས། མ་དྷུ་པ་སུ་ནུ་རུ་ (Madhu Pasunuru) ལགས་བཅས་དང་། དེ་བཞིན་རྒྱ་གར་ཀར་ན་ཊ་མངའ་སྡེའི་ནང་སྲིད་བློན་ཆེན་འབུམ་རམས་པ་གངྒ་དྷ་རི་ཡ་པ་ར་མེཤ་ཊ་ར་ (Dr. Gangadharaiah Parameshwara) མཆོག་དང་། ཁོང་གི་བཟའ་ཟླ་ལྕམ་ཀ་ནི་ཀ་པ་ར་མེཤ་ཝ་ར་ (Kannika Parameshwari Parameshwara) བཅས་ལ་དམིགས་བསལ་མཇལ་ཁ་སྩལ་གནང་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎