བོད་ཀྱི་འཐབ་རྩོད་རྒྱུན་གནས་ཐུབ་པར་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ལ་སྦྱང་ཤེས་གནང་གལ་ཆེ་ཞེས། སྲིད་སྐྱོང་མཆོག་གིས་རྒྱ་གར་བྱང་ཤར་གྱི་འཚམས་གཟིགས་སྐབས་གསུངས་འདུག

2025.01.23
བོད་ཀྱི་འཐབ་རྩོད་རྒྱུན་གནས་ཐུབ་པར་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ལ་སྦྱང་ཤེས་གནང་གལ་ཆེ་ཞེས། སྲིད་སྐྱོང་མཆོག་གིས་རྒྱ་གར་བྱང་ཤར་གྱི་འཚམས་གཟིགས་སྐབས་གསུངས་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དྷི་མ་པུར་མི་མང་ཚོགས་ལ་གསུང་བཤད་གནང་སྐབས། ༢༠༢༥།༠༡།༢༢ ཉིན།
CTA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་ཟླ་བ་འདིའི་ཚེས་ ༡༩ ཉིན་ནས་འགོ་འཛུགས་ཀྱིས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། རྒྱ་གར་བྱང་ཤར་ཁུལ་གྱི་ནཱ་གྷ་ལེནཌ་མངའ་སྡེའི་ས་གནས་དྷི་མ་པུར་དང་། ཨི་ཊཱ་ན་གར། ཨ་རུ་ནཱ་ཅལ་དང་བོད་ཀྱི་མཐའ་མཚམས་ས་ཁུལ་ཀྲུ་ཀྲིང་། མེའོ། ཏིཛུ། དང་རྡོ་རྗེ་གླིང་ཁུལ་གྱི་ཁ་འཐོར་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། འདི་ཚེས་ ༢༢ ཡི་དགོང་དྲོར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དྷི་མ་པུར་མི་མང་ཚོགས་ཁང་དུ་ཁུལ་དེར་གནས་སྡོད་བོད་རིགས་མང་ཚོགས་ལ་བོད་མིའི་སྒྲིག་འཛུགས་དང་མི་མང་དབར་གྱི་འབྲེལ་ལམ་དམ་ཟབ་དགོས་གལ་ཆེ་བའི་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་བྱུང་རིམ་དང་ཐབས་བྱུས། དེ་བཞིན་ད་ལྟའི་རྒྱ་ནག་ནང་ཆབ་སྲིད་ཀྱི་འགྱུར་ལྡོག་འགྲོ་བཞིན་པའི་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། ཁོང་གིས་བོད་ཀྱི་འཐབ་རྩོད་དེ་མུ་མཐུད་གནས་པ་ལ་བོད་མི་ཚོས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ལ་སྦྱང་ཤེས་རྒྱུས་ལོན་དགོས་གལ་ཆེ་བའི་སྐོར་གསུངས་ཡོད་པ་རེད།

DSC_0074-1024x647.jpg
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དྷི་མ་པུར་མི་མང་ཚོགས་ལ་གསུང་བཤད་གནང་སྐབས། ༢༠༢༥།༠༡།༢༢ ཉིན།

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་མུ་མཐུད། བོད་ནང་རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་སྐད་ཡིག་དང་ནང་ཆོས་སློབ་གཉེར་བྱ་རྒྱུར་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། དེང་དུས་ཀྱི་འཕྲུལ་རིགས་བེད་སྤྱོད་ཀྱིས་བོད་མིའི་འགྲོ་སྡོད་སྤྱོད་གསུམ་ཐོག་ལའང་དམ་བསྒྲགས་དང་སྟངས་འཛིན་ནན་པོ་བྱེད་བཞིན་ཡོད་སྐོར་མང་ཚོགས་ལ་འགྲེལ་བརྗོད་གནང་སོང་ལ། མཐའ་མཇུག་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས། འདས་པའི་ལོ་ངོ་ ༦༥ རིང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་མི་རབས་རྒན་པ་ཚོས་སྐུ་ལས་བསྐྱོན་པའི་འབྲས་བུར་ད་བར་བོད་མི་རྣམས་ཀྱི་གནས་སྟངས་གང་ལེགས་གནས་ཡོད་སྐོར་དང་། དེང་སྐབས་སྤྱི་ཚོགས་འགྱུར་བ་ཤུགས་ཆེ་འགྲོ་བཞིན་པའི་དུས་སྐབས་འདིར། མི་དང་སྒྲིག་འཛུགས་ཀྱི་ནུས་པ་ཤུགས་ཆེ་རུ་གཏོང་ཐབས་སུ་གྲངས་ཐོ། སྒྲོམ་གཞི་དང་འགྲོ་ལུགས་ཚད་ལྡན་ཞིག་དགོས་རྒྱུ་གལ་ཆེ་ཡིན་ཞེས་གསུངས་ཡོད་པ་རེད།

DSC_0050-1024x659.jpg
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དྷི་མ་པུར་མི་མང་ཚོགས་ལ་གསུང་བཤད་གནང་སྐབས། ༢༠༢༥།༠༡།༢༢ ཉིན།

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས། ཟླ་བ་འདིའི་ཕྱི་ཚེས་ ༢༤ ཉིན་ཨ་རུ་ནཱ་ཅལ་རྒྱལ་ས་ཨི་ཊ་ན་གར་ནང་། ཨ་རུ་ནཱ་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་འཕགས་བོད་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་ཞུས་པའི་སློབ་གཉེར་འདུ་ཚོགས་སུ་གསུང་བཤད་གནང་རྒྱུ་དང་། ཚོགས་མི་རྣམ་པ་དང་ཐུག་འཕྲད་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་འདུག

རྒྱ་གར་བྱང་ཤར་དྷི་མ་པུར་ཁུལ་དུ་ད་ལྟའི་ཆར་བོད་མི་མི་ཚང་ ༤༦ ཙམ་གནས་སྡོད་བྱེད་བཞིན་ཡོད་པ་དང་། བོད་མི་དེ་དག་ཕལ་ཆེ་བ་རྒྱ་གར་དང་བལ་ཡུལ་བློ་ཆུ་མིག་རྒྱ་ཚར་ཁུལ་ནས་ས་གནས་འདིར་འཚོ་བའི་ཆེད་དུ་གྱོན་ཆས་དང་ལྷམ་སོགས་ཀྱི་ཚོང་གཉེར་རྒྱུའི་ཆེད་བསླེབས་པ་ཞིག་ཡིན་འདུག བོད་མི་དེ་དག་ས་གནས་འདིར་དབྱར་དགུན་གཉིས་ཀར་ཚོང་གཉེར་གནང་སྟེ། ས་གནས་དེར་གཞིས་ཆགས་ནས་གནས་སྡོད་བྱེད་བཞིན་ཡོད་པ་རེད་འདུག དྷི་མ་པུར་གྲོངས་ཁྱེར་ནང་ (Tibetan Welfare Association)ཞེས་པའི་བོད་རིགས་མཐུན་ཚོགས་ཞིག་ཀྱང་ཡོད་པ་རེད་འདུག དེ་ཡང་གཙོ་བོ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ། ལྷག་པར་དུ་ཁུལ་དེར་གནས་སྡོད་བོད་མིའི་བདེ་སྡུག་སེལ་ཆེད་ཚོགས་པ་དེ་གསར་འཛུགས་གནང་བ་ཞིག་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎