སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་སོ་ཕྷི་རྣམ་གཉིས་ཀྱིས་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་སྐོར་གོ་བསྡུར་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཨོསི་ཊརེ་ལི་ཡའི་ནང་གཞུང་འབྲེལ་འཚམས་གཟིགས་ཀྱི་ཉིན་གཉིས་པ་འདི་ཚེས་༡༨ཉིན་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་Sophie Scampsལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཨོ་གླིང་དུ་ཕེབས་པར་དགའ་བསུ་ཞུས་པ་སྦྲགས། སྲིད་སྐྱོང་ལ་ཆེ་མཐོང་མཚོན་ཆེད་དུ་ཉིན་དགུང་གསོལ་ཚིགས་ཤིག་ཕུལ་འདུག་ཅིང་། སྐབས་དེར་འགོ་ཁྲིད་གཉིས་ཀྱི་དབར་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་སྐོར་གོ་བསྡུར་གནང་སྟེ། ལྕམ་སོ་ཕྷི་ལགས་ཀྱིས། རྒྱ་ནག་གཞུང་གིས་དབང་བསྒྱུར་འོག་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པར་སེམས་འཚབ་ཡོད་སྐོར་བརྗོད་འདུག་པ་མ་ཟད། རྒྱ་གཞུང་གིས་བཙན་གྱིས་བོད་ཕྲུག་རྣམས་རང་གི་ཕ་མ་དང་ཁ་བྲལ་བཅུག་སྟེ། རྒྱ་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭར་འཇུག་མུས་ཡིན་པར་ཤིན་ཏུ་བློ་འཚབ་ཡོད་གསུངས་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་སོ་ཕྷི་རྣམ་གཉིས་མཇལ་མོལ་སྐབས། བོད་དོན་རྒྱབ་སྐྱོར་བ་མི་གྲངས་༥༠ཙམ་ཞིག་མཉམ་ཞུགས་གནང་བའི་ཁྲོད། ཨོ་གླིང་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྕམ་Zoe Bedford ལགས་ཀྱང་མཉམ་བཞུགས་གནང་འདུག་ཅིང་། ཁོང་མོས། མུ་མཐུད་དྲ་ལམ་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བའི་སྐབས། ད་རེས་སྲིད་སྐྱོང་གི་ཨོསི་ཊརེ་ལི་ཡ་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་དེ་ཞེ་དྲགས་ཀྱི་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་པ་བཞིན། མཛད་འཆར་ཡང་རྒྱས་པོ་ཞེ་དྲགས་འདུག་ལ། དེ་རིང་ཕྱིར་དྲོ་ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་འོག་སྲིད་སྐྱོང་མཆོག་ལ་དགོང་ཚིགས་འབུལ་ཏེ། བོད་དོན་གོ་བསྡུར་གནང་རྒྱུ་ཡིན་པས། སྐབས་དེ་དུས་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མི་མང་དག་ཅིག་དང་མཇལ་མོལ་གནང་གི་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
ཁ་སྔོན་སྤྱི་ཟླ་༤པའི་ནང་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་Sophie Scampsལགས་ཚུད་པའི་ཨོ་གླིང་ཚོགས་གྲོས་འཐུས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་མཇལ་ཁ་ཞུས་བ་དང་བོད་མིའི་སྒྲིག་འཛུགས་སུ་འཚམས་གཟིགས་གནང་བའི་སྐབས། ལྕམ་སོ་ཕྷི་ལགས་ཀྱིས་གསར་འགོད་པར། ཁོང་མོ་ལྟར་བུར་མཚོན་ན། ཨོ་གླིང་གྲོང་ཁྱེར་སིཌ་ནི་ནང་གི་གྲོས་ཚོགས་འཐུས་མི་ཞིག་ཆགས་ཀྱི་ཡོད་པས་ཁུལ་དེར་གནས་སྡོད་བོད་མི་ཚོས་རང་ཉིད་ཀྱི་རིག་གཞུང་ལ་སྤོབས་པ་ཆེན་པོ་གནང་སྟེ་དེ་དག་སྲུང་སྐྱོབ་གནང་བར་ངས་རྒྱབ་སྐྱོར་གང་ཐུབ་ཞུས་དང་ཞུ་མུས་ཡིན་ཞེས་འགྲེལ་བརྗོད་གནང་ཡོད་པ་རེད།
ཡང་སྤྱི་ཚེས་༡༨ཉིན་གྱི་སྔ་དྲོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། སིཌ་ནི་ཁུལ་གྱི་བོད་རིགས་གཞོན་སྐྱེས་ཚོ་དང་ཐུགས་འཕྲད་ཀྱིས། གཞོན་སྐྱེས་ཚོའི་དྲི་བར་བཀའ་ལན་གནང་བའི་སྐབས། བོད་རྒྱ་གཉིས་ཀྱི་དཀའ་རྙོག་དེ་ཞི་བ་དང་གྲོས་མོལ་ལམ་ནས་སེལ་དགོས་པ་དང་། དེ་ཡང་བོད་མི་སྒེར་སོ་སོས་རྒྱ་མི་དང་མཉམ་དུ་འབྲེལ་བ་བྱེད་པའི་སྐབས། རྣམ་དཔྱོད་ལྡན་པའི་སྒོ་ནས་བྱེད་དགོས་གལ་ཆེ་བའི་སྐོར་གསུང་བཤད་གནང་འདུག
གཞན་ཡང་ཨོསི་ཊརེ་ལི་ཡའི་New South Walesམངའ་སྡེ་གྲོས་ཚོགས་ཀྱིས་མགྲོན་འབོད་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སང་ཉིན་སྤྱི་ཚེས་༡༩ཉིན་གྲོས་ཚོགས་དེའི་ནང་གཞུང་འབྲེལ་འཚམས་སུ་ཕེབས་ཏེ། གྲོས་ཚོགས་འཐུས་མི་རྣམས་དང་མཇལ་མོལ་གནང་གཏན་འཁེལ་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།