སྲིད་སྐྱོང་མཆོག་གིས་ལ་དྭགས་སླེ་རུ་རྒྱ་གར་གྲོས་ཚོགས་འཐུས་མི་གཙོས་པའི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ།
འདི་ཚེས་༢༣ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དྭགས་སུ་གཞུང་འབྲེལ་འཚམས་གཟིགས་ཀྱི་ཉིན་༤ པར། ལ་དྭགས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་བྱུང་ཡོད་ཅིང་། ཉིན་འདིར་ཐོག་མར་ལ་དྭགས་སླེ་ཇོ་བོ་གཙུག་ལག་ཁང་དུ་སྲིད་སྐྱོང་མཆོག་ལ་ལ་དྭགས་རིག་གཞུང་གི་རྒྱུན་སྲོལ་ལྟར་ཕེབས་བསུ་ཞུས་པ་དང་སྦྲགས། རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ལ་དྭགས་ནང་ཚོགས་ཀྱི་དབུ་སྐྱོང་ཐུབ་བསྟན་ཚེ་དབང་ལགས་ནས་སྲིད་སྐྱོང་ལགས་དང་ལོ་མང་པོའི་སྔོན་ནས་འབྲེལ་བ་བཟང་པོ་ཡོད་པ་དང་། ཡང་སྲིད་སྐྱོང་གི་ཐུགས་འགན་བཞེས་པ་ནས་ལ་དྭགས་ལ་དང་པོ་ཕེབས་པར་ཐུགས་རྗེ་ཆེ་ཞུས་པའི་གསུང་བཤད་གནང་སོང་།
རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་ལགས་དང་སྲིད་སྐྱོང་བར་གྲོས་མོལ་བྱུང་བ་དང་འབྲེལ། སྐུ་ཞབས་འཇམ་དབྱངས་ཚེ་རིང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་། ལ་དྭགས་གཙོ་གཞུང་མངའ་སྡེ་ཁོངས་སུ་ཁྱོན་རྫོང་གཉིས་ཡོད་པ་དཀར་འཁྱིལ་དང་སླེ་ནས་སླེ་རྫོང་ཕྱོགས། ལ་དྭགས་སུ་ཡོད་པའི་བོད་མི་ཚང་མ་ཡོད་སྟབས་སྲིད་སྐྱོང་ལགས་ཀྱི་ལ་དྭགས་སླེ་རྫོང་གི་རྫོང་དཔོན་Shrikant ་Balasaheb ་Suse (IAS)་ལགས་དང་མཇལ་ཕྲད་གནང་བ་མ་ཟད། བོད་པའི་འབྲོག་པ་དང་འབྲེལ་དཀའ་ངལ་སྐོར་ལའང་བཀའ་མོལ་བྱུང་ཡོད་པ་རེད་འདུག།
ཡང་ལ་དྭགས་སླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས་དང་མཇལ་འཕྲད་གནང་སོང། སྲིད་སྐྱོང་མཆོག་གིས་སླེ་ཡི་གཟིགས་སྐོར་ཁག་གྲུབ་རྗེས་འདི་ཚེས་༢༤ནས་བཟུང་ལ་དྭགས་བྱང་ཐང་ཧན་ལེ་དང་། མ་ཁྱུ། སུམ་མདོ་སོགས་བོད་མིའི་འབྲོག་པ་གནས་སྡོད་ས་གནས་ཁག་ལ་འཚམས་གཟིགས་གནང་རྒྱུ་ཡིན་པ་རེད།