སྲིད་སྐྱོང་མཆོག་གིས། སིམ་ལ་ཁུལ་དུ་འབྲེལ་ཡོད་ལས་ཁུངས་སུ་ཆེད་བཅར་གྱིས། ས་ཞིང་བོགས་མར་གཏོང་ལེན་ཐོག་དཀའ་ངལ་འཕྲད་བཞིན་པ་རྣམས་སེལ་དགོས་པའི་འབོད་སྐུལ་ཞུས་པ།

2023.05.12
སྲིད་སྐྱོང་མཆོག་གིས། སིམ་ལ་ཁུལ་དུ་འབྲེལ་ཡོད་ལས་ཁུངས་སུ་ཆེད་བཅར་གྱིས། ས་ཞིང་བོགས་མར་གཏོང་ལེན་ཐོག་དཀའ་ངལ་འཕྲད་བཞིན་པ་རྣམས་སེལ་དགོས་པའི་འབོད་སྐུལ་ཞུས་པ། སྤྱི་ཟླ་༥ པའི་ཚེས་༡༡ ཉིན་སྲིད་སྐྱོང་མཆོག་གིས་མངའ་སྡེ་འདིའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Sukhvinder Singh Sukhu)མཆོག་དང་མཇལ་མོལ་གནང་བ།
Tibet.net

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་འཛིན་སྐྱོང་གི་ལྟེ་གནས་སིམ་ལ་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་སྐྱོད་མུས་ཡིན་པའི་སྐབས་དེར། སྤྱི་ཟླ་༥ པའི་ཚེས་༡༡ ཉིན་སྲིད་སྐྱོང་མཆོག་གིས་མངའ་སྡེ་འདིའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Sukhvinder Singh Sukhu)མཆོག་དང་མཇལ་མོལ་གནང་སྟེ། སྲིད་སྐྱོང་མཆོག་གིས། ཧི་མ་ཅལ་ནང་གནས་སྡོད་བོད་མི་ཚོར་འཕྲད་བཞིན་པའི་ས་ཆའི་དཀའ་ངལ་རྣམས་སེལ་དགོས་པའི་འབོད་སྐུལ་ཞུས་པ་བཞིན་སྤྱི་ཁྱབ་བློན་ཆེན་མཆོག་གིས་སེལ་ཐབས་གནང་རྒྱུ་ཡིན་པ་ཞལ་བཞེས་གནང་ཡོད་པ་ནང་སྲིད་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས། ད་རེས་སྲིད་སྐྱོང་མཆོག་དང་ལྷན་དུ་མཇལ་འཕྲད་སྐབས། ཁུལ་འདིར་གནས་སྡོད་བོད་མི་ཚོའི་བདེ་སྡུག་དང་འབྲེལ་བའི་གནད་དོན་མང་དག་ཅིག་གི་ཐོག་གོ་བསྡུར་གནང་ཡོད་པ་ཁོང་གི་Twitter དྲ་ལམ་སྟེང་བཀོད་སྤེལ་བྱས་འདུག
སྲིད་སྐྱོང་མཆོག་གིས་ཀྱང་། ད་རེས་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་མོལ་སྐབས། ཧི་མ་ཅལ་མངའ་སྡེའི་ནང་སིམ་ལ་གཙོས་པའི་བོད་མི་འདུ་སྡོད་ས་གནས་ཁག་བཅུ་བཞི་ཙམ་ཡོད་པ་དེ་དག་གི་བདེ་སྡུག་སྐོར་གླེང་སློང་གནང་ནས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག་པ་མ་ཟད། འདི་ཚེས་༡༢རེས་གཟའ་པ་སངས་ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། སིམ་ལར་གྲོང་ཁྱེར་གྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་Prabodh Saxena ལགས་གཙོས་པའི་ཧི་མ་ཅལ་མངའ་སྡེའི་ཤིང་ནགས་ལས་ཁུངས་དང་ཁྲལ་བསྡུས་ལས་ཁུངས་སོ་སོའི་དྲུང་ཆེ་རྣམ་གཉིས་སོགས་དང་མཇལ་འཕྲད་ཀྱིས། ཁུལ་འདིའི་ནང་བོད་མི་གནས་ཡུལ་རྙོག་ཁྲ་ཡོད་པའི་ས་ཁུལ་ཁག་ཅིག་ཡོད་པ་དེ་དག་གི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་ནང་སྲིད་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་། 

346648582_618371076975417_4531805647085180011_n.jpg
ད་ལྟའི་ཧ་མ་ཅལ་མངའ་སྡེའི་གཞུང་འཛིན་ཆབ་སྲིད་ཚོགས་པའི་རྡ་རམ་ས་ལའི་Congress ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་Ajit Nehira ལགས་ཀྱིས། ཧི་མ་ཅལ་མངའ་སྡེ་གཞུང་དང་བོད་མིའི་སྒྲིག་འཛུགས་གཉིས་ཀྱི་མཛའ་འབྲེལ་ནི་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད་པ་མ་ཟད། ལྷག་དོན་དུ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ནི་བོད་མིའི་བདེ་སྡུག་ཙམ་མིན་པར་བོད་མིའི་འཐབ་རྕོད་ལ་ཡང་གལ་འགངས་ཆེན་པོ་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
རྒྱུན་དུ་རྒྱ་གར་ཧི་མ་ཅལ་མངའ་སྡེ་གཞུང་གིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་སྲུང་ཆ་གཙོས་པའི་ཁུལ་འདིར་གནས་སྡོད་བོད་མི་རྣམས་ཀྱི་བདེ་འཇགས་དང་འཕྲོད་བསྟེན་སོགས་ལ་གང་ཐུབ་ཀྱི་མཐུན་འགྱུར་གནང་མུས་ཡིན་ཞིང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ད་རེས་སྲིད་སྐྱོང་དང་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་མཇལ་འཕྲད་གནང་བ་དེས་བོད་མིའི་སྒྲིག་འཛུགས་དང་མངའ་སྡེ་གཞུང་གཉིས་དབར་འབྲེལ་བ་ཇེ་བཟང་དུ་ཕྱིན་པའི་སྔོན་བརྡ་ཡིན་པ་འགྲེལ་བརྗོད་གནང་བྱུང་། 
ད་ལྟའི་ཆར་ཧི་མ་ཅལ་མངའ་སྡེའི་ནང་མི་འབོར་ས་ཡ་བདུན་ལྷག་གནས་སྡོད་བྱེད་ཀྱི་ཡོད་པ་དང་། ༢༠༢༢ ལོར་(Congress)ཆབ་སྲིད་ཚོགས་པར་ཧི་མ་ཅལ་མངའ་སྡེའི་འོས་བསྡུའི་རྒྱལ་ཁ་ཐོབ་ཏེ། སྐུ་ཞབས་ Sukhvinder Singh Sukhu ལགས་ཀྱིས་༢༠༢༢ ལོའི་སྤྱི་ཟླ་༡༢ ནང་སྤྱི་ཁྱབ་བློན་གྱི་ལས་ཁུར་དམ་འབུལ་ཞུས་ཡོད་པ་དང་། ད་རེས་སྲིད་སྐྱོང་དང་མཇལ་འཕྲད་གནང་པ་དེ་ནི་ཁོང་སྤྱི་ཁྱབ་བློན་ཆེན་དུ་བསྐོ་བཞག་གནང་རྗེས། མཇལ་འཕྲད་གནང་བ་ཐོག་མ་དེ་ཡིན་པ་རེད།
གཞི་རྩའི་ཧི་མ་ཅལ་མངའ་སྡེའི་ནང་བཙན་བྱོལ་བོད་མི་སྟོང་ཁྲག་༣༠ཙམ་ཡོད་པའི་ཁོངས་ནས། བཞུགས་སྒར་རྡ་རམ་ས་ལར་བོད་མི་༧༠༠༠ཙམ་དང། སྦིར་དང་སིམ་ལ་ས་གནས་གཉིས་ཀྱི་ནང་བོད་མི་༤༠༠༠ལྷག་གནས་སྡོད་བྱེད་ཀྱི་ཡོད་འདུག 

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎