སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉི་ཧོང་དུ་འཚམས་གཟིགས་ཐོག་མར་གནང་བ་དེ། བོད་མིའི་སྒྲིག་འཛུགས་ཀྱིས་གནད་འགག་ཆེན་པོར་ངོས་འཛིན་གནང་གི་ཡོད་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། སྤྱི་ཟླ་༩པའི་ཚེས་༢༡ནས་ཉི་ཧོང་ནང་ཆེད་ཕེབས་ཀྱིས། སྤྱི་ཚེས་༢༧བར་བདུན་ཕྲག་གཅིག་རིང་གི་མཛད་འཆར་བཟོས་ཡོད་པ་དང་། དེའི་ནང་ཉི་ཧོང་གི་གྲོས་ཚོགས་འཐུས་མི་དང་སྲིད་དོན་པ་ཁག་དང་མཇལ་མོལ་དང་། ཉི་ཧོང་ནང་གཙུག་ལག་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ལ་གཏམ་བཤད་ཀྱི་ལས་རིམ། དེ་བཞིན་ས་གནས་སུ་ཡོད་པའི་བོད་རིགས་རྣམས་ལ་མཇལ་འཕྲད་དང་བཀའ་སློབ་སོགས་ཀྱི་མཛད་འཆར་ཡོད་པ་མ་ཟད། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སྲིད་སྐྱོང་གི་འགན་ཁུར་བླངས་པ་ནས་ཉི་ཧོང་ནང་འཚམས་གཟིགས་གནང་བ་ཐོག་མ་དེ་ཆགས་ཡོད་པས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས། རྒྱལ་སྤྱིའི་ནང་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཚད་མཐོ་ཤོས་དེ་ཉི་ཧོང་ཆགས་ཀྱི་ཡོད་པར་བརྟེན། སྲིད་སྐྱོང་མཆོག་གིས་ཉི་ཧོང་དུ་འཚམས་གཟིགས་ཐོག་མ་འདི། བོད་མིའི་སྒྲིག་འཛུགས་ཀྱིས་གནད་འགག་ཆེན་པོར་ངོས་འཛིན་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ཚོགས་མི་༩༠ཡོད་པས། འཛམ་གླིང་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་དེ་ཆགས་ཀྱི་ཡོད་པའི་ཁར། Super Samghaཞེས་ཉི་ཧོང་མི་རིགས་ཀྱི་གྲྭ་བཙུན་༣༠༠ལྷག་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་ཡོད་པ་དེས་ཀྱང་། བར་ལམ་སྤྱི་ཟླ་གཉིས་པའི་ནང་མདོ་ཁམས་བྲག་མགོ་རྫོང་དུ་རྒྱ་ནག་གཞུང་གིས་སྟོན་པའི་སྐུ་བརྙན་གཏོར་བཤིག་གཏོང་སྐབས། ཉི་ཧོང་ནང་གི་རྒྱ་ནག་གཞུང་ཚབ་ལ་ངོ་རྒོལ་ཡི་གེ་སྤྲད་པས་མཚོན་བོད་དོན་རྒྱབ་སྐྱོར་གནང་གི་ཡོད་པས། ཚོགས་པ་དེའི་ཚོགས་གཙོ་གཞོན་པ་དགེ་སློང་kobayashiཁོ་བྷ་ཡཱ་ཤེ་ལགས་ནས་ཀྱང་། ཁོང་ཚོས་བོད་དོན་ལ་སེམས་ཁུར་ཆེན་པོ་གནང་གི་ཡོད་པ་དང་། སྲིད་སྐྱོང་མཆོག་གི་འཚམས་གཟིགས་ཐོག་མ་འདི་ཕལ་ཆེར་བོད་དོན་རྒྱབ་སྐྱོར་བ་ཚོར་ཐུག་རྒྱུའི་གོ་སྐབས་ཡག་པོར་མཐོང་གི་ཡོད་པ་དང་། ཉི་ཧོང་གྲོས་ཚོགས་འཐུས་མི་ཚོས་བོད་དོན་རྒྱབ་སྐྱོར་ཡག་པོ་གནང་གི་ཡོད་པས། ང་ཚོས་ཁོ་ཚོ་དང་མཉམ་རུབ་ཀྱིས་ལས་འགུལ་གནང་འདུན་ཆེན་པོ་ཡོད་པ་དང་། ཉི་ཧོང་གཞུང་གིས་བོད་ཀྱི་དངོས་ཡོད་གནས་སྟངས་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཉི་ཧོང་གཞུང་གིས་བོད་དང་ཡུ་གུར། ལྷོ་སོག་བཅས་ཀྱི་དངོས་ཡོད་གནས་ཚུལ་ཤེས་ཐུབ་པ་ཡིན་ན། བོད་དང་ཡུ་གུར་མི་རིགས་ཀྱི་དོན་དུ་ག་རེ་གནང་དགོས་པ་ཤེས་ཐུབ་རྒྱུར་ཕན་ཐོགས་ཡོད་པར་བརྟེན། གནས་སྟངས་ངོ་མ་དེ་ཤེས་རྒྱུ་གལ་ཆེན་རེད་ཅེས་འགྲེལ་བརྗོད་གནང་སོང་ལ། གཞན་ཡང་ཉི་ཧོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནས། བོད་དང་ཤར་ཏུར་ཀི་སི་ཏན། ལྷོ་སོག་པོ་བཅས་རྒྱལ་ཁབ་གསུམ་རྒྱ་ནག་གིས་བཙན་འཛུལ་འོག་གནས་སྟངས་ཅི་ཆགས་དང་། མ་འོངས་མདུན་ལམ་ཐོག་གྲོས་ཚོགས་འཐུས་མི་དང་མཁས་པ་སོགས་ཀྱི་ལྷན་ཚོགས་ཤིག་གནང་རྒྱུའི་ནང་། གཏམ་བཤད་གཙོ་བོ་གནང་མི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཡིན་པ་དང་། གསར་འགོད་ལྷན་ཚོགས་ཤིག་ཀྱང་ཉི་ཧོང་གི་རྒྱལ་སར་གོ་སྒྲིག་གནང་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཉི་ཧོང་གཞུང་གིས་གཞུང་འབྲེལ་གྱི་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་ཡོད་མིན་ལ་མ་ལྟོས་པར། ཉི་ཧོང་གི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་རྒྱལ་སྤྱིའི་ཁྱོན་དུ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་དེ་ཆགས་ཡོད་པ་བཞིན། འདི་ལོ་སྤྱི་ཟླ་༢པར་ཉི་ཧོང་གི་གྲོས་ཚོགས་འོག་མའི་ནང་། རྒྱ་ནག་གཞུང་གིས་རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་སྐོར་གྲོས་ཆོད་ཅིག་བཞག་པའི་ནང་། བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་ནང་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་ཐེབས་པ་སོགས་འཁོད་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།