སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡོ་རོབ་ཨོསི་ཊརི་ཡའི་ནང་བོད་མི་གཞོན་སྐྱེས་ཁག་ཅིག་ལ་བོད་ཀྱི་རྒྱལ་རབས་དང་སྣོད་བཅུད་ཀྱི་གལ་གནད་ཐོག་གསུང་བཤད་གནང་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ཟླ་ ༤ ཟླ་དཀྱིལ་ཙམ་ནས་ཨ་རི་དང་། ཡུ་རོབ་ཀྱི་ཡུལ་གྲུ་ཁག་ཅིག་ལ་གཞུང་དོན་འཚམས་གཟིགས་གནང་སྟེ་ཧྥ་རན་སི་རྒྱལ་ཁབ་ཀྱི་སྲིད་འཛིན་གཙོས་གནད་ཡོད་མི་སྣ་དང་གྲོས་ཚོགས་ཀྱི་ཚོགས་གཙོས་དབུས་འཐུས་མི་སོགས་མང་དག་ཅིག་མཇལ་འཕྲད་གནང་བཞིན་ཡོད་ཅིང་། ཟླ་ ༥ ཚེས་ ༩ ནས་ ༡༢ བར་འཇར་མན་ནང་གནས་ཡོད་མི་སྣ་ཁག་ཅིག་མཇལ་འཕྲད་ཀྱིས་བོད་ནང་རྒྱ་གཞུང་གིས་མི་སེར་སྤེལ་བའི་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་བཙན་འཇུག་གིས་བོད་མིའི་ངོ་བོ་རྩ་མེད་གཏོང་བྱུས་བྱེད་བཞིན་པའི་སྐོར་དང་། རྒྱ་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ལ་ཐེ་བྱུས་བྱ་རྒྱུས་མཚོན་བོད་མིའི་ཆོས་དད་རང་དབང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་ཡོད་པའི་སྐོར་ཞུ་འབོད་གནང་བཞིན་ཡོད་ཅིང་། ཕྱི་ཚེས་ ༡༡ ཉིན་ཡོ་རོབ་ཀྱི་ཨའོསི་ཊརི་ཡར་ཕེབས་ཏེ་ཁུལ་དེར་གཞོན་སྐྱེས་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་དམིགས་བསལ་བོད་མཐོ་སྒང་གི་གཙང་ཆུ་ཁག་ཅིག་གི་མིང་འབོད་གནང་སྟེ་དེ་དག་བོད་ནས་ཐོན་གྱི་ཡོད་སྟབས་བོད་ཙམ་མ་ཡིན་པར་བོད་ཀྱི་གནོད་བཅུད་ཀྱི་རང་དབང་འདི་རྒྱ་ནག་དང་ཨེ་ཤ་ཡའི་རྒྱལ་ཁབ་མང་པོའི་འཚོ་རྟེན་ལའང་འབྲེལ་བ་ཆགས་ཀྱི་ཡོད་པ་དང་བོད་ཀྱི་ཆུ་བོས་གཤམ་འོག་གི་ཡུལ་གྲུ་ཁག་ལ་ཕན་ཐོག་ཆེན་པོ་ཡོད་པ་འགྲེལ་བཤད་གནང་ཡོད་འདུག
ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་བོད་འདི་བཞིན་ལོ་རྒྱུས་ཀྱི་ཐོག་ནས་དུས་རབས་གང་ཞིག་ལ་རྒྱ་ནག་གི་ཆ་ཤས་མིན་པ་དང་། ལྷག་པར་རྒྱ་ནག་གི་ས་ཁུལ་ཁག་ཅིག་བོད་མིས་དབང་བསྒྱུར་བྱས་པའི་ལོ་རྒྱུས་ཡང་ཡོད་པ་བཅས་ལོ་རྒྱུས་ཀྱི་ཐོག་ནས་བོད་འདི་རྒྱ་ནག་གི་ཆ་ཤས་རྩ་བ་ནས་མིན་ལུགས་གསལ་བཤད་གནང་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།