དབྱིན་ཇིའི Westminster གཙུག་ལག་སློབ་ཆེན་དུ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། བོད་དང་རྒྱ་ནག་སོགས་གནད་དོན་ཁག་གི་ཐད་བགྲོ་གླེང་།
དབྱིན་ཇིའི Westminster གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ Dibyesh Anand ལགས་ཀྱིས་བགྲོ་གླེང་གི་ལས་རིམ་སྐོར་སྔོན་བརྡ་གསལ་བསྒྲགས་སྤེལ་བའི་གནས་ཚུལ་ལྟར་ན། དབྱིན་ཇིའི Westminster གཙུག་ལག་སློབ་ཆེན་སྤྱི་ཚོགས་རིག་པའི་སློབ་གླིང་གི་དམངས་གཙོ་ཞིབ་འཇུག་ལྟེ་གནས་ཁང་གིས་གནད་འགག་ཅན་གྱི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་འགྲན་རྩོད་ཁག་རིམ་པར་ཞིབ་འཇུག་བྱས་ཏེ་ཚན་རིག་ལས་བརྒལ་བའི་ཁོར་ཡུག་ཅིག་གྲུབ་རྒྱུར་སྐུལ་འདེད་དང་། སྤྱི་ཚོགས་འབྲེལ་འདྲིས་ལ་དོ་སྣང་བྱས་པ་མ་ཟད་རྩོད་གཞི་ཅན་གྱི་བརྗོད་བྱ་དག་ལ་ཤུགས་རྐྱེན་ཐེབས་ཆེད་ཡོངས་ཁྱབ་ཀྱི་སྒོ་ནས་བགྲོ་གླེང་བྱེད་སྲོལ་ཡོད་པ་ལྟར། ད་རེས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཆེད་དུ་གདན་འདྲེན་ཞུས་ཏེ་གཙུག་ལག་སློབ་ཆེན་དེའི་དགེ་རྒན་ཆེན་མོ Dibyesh Anand ལགས་དང་མཉམ་དུ་གཙུག་ལག་སློབ་ཆེན་དུ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། བོད་དང་རྒྱ་ནག་བཅས་ཀྱི་གནད་དོན་ཐད་ཕྱི་ཟླ ༤ པའི་ཚེས ༢༦ ཉིན་དབྱིན་ཇིའི Westminster གཙུག་ལག་སློབ་ཆེན་གྱི Fyvie ཚོགས་ཁང་དུ་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཉམ་བགྲོ་གླེང་དུ་ལྷན་ཞུགས་གནང་མཁན་དགེ་རྒན་ཆེན་མོ Dibyesh Anand ལགས་ནི་ Westminster གཙུག་ལག་སློབ་ཆེན་གི་སྤྱི་ཚོགས་རིག་པའི་སློབ་གླིང་གི་འགན་འཛིན་དང་གཙུག་ལག་སློབ་ཆེན་དེའི་རྒྱལ་སྤྱིའི་འབྲེལ་བའི་དགེ་རྒན་ཆེན་མོ་ཡིན་ཞིང་། ཁོང་ནི་༼ས་གཞི་ཆབ་སྲིད་ཀྱི་ངོ་མཚར་དང་། ནུབ་ཕྱོགས་པའི་སྣང་ཚུལ་ཁྲོད་ཀྱི་བོད་༽ཅེས་པའི་ཕྱག་དེབ་ཀྱི་རྩོམ་པ་པོ་ཡིན་པ་མ་ཟད། རྒྱ་ནག་པེ་ཅིང་གཞུང་གིས་བོད་དང་ཤར་ཏུརྐིསི་ཐན་གྱི་ཡུ་གུར་མི་རིགས་ཐོག་འཛིན་པའི་མི་སེར་སྤེལ་བའི་སྲིད་ཇུས་ལག་ལེན་བྱེད་པའི་སྐོར་གྱི་རྩོམ་ཡིག་སྣ་ཚོགས་སྤེལ་མྱོང་ཡོད་མཁན་ཞིག་ཡིན་པ་རེད།
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྕོམ་སྒྲིག་པ། བཀྲ་ཤིས་དབང་ཕྲུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།