སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ནིའུ་ཛི་ལེནཌི་དང་ཨའོསི་ཊརེ་ལི་ཡ་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ་བྱུང་པ།
ཕྱི་ཟླ་༦པའི་ཚེས་༢༣ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨའོསི་ཊརེ་ལི་ཡའི་གྲོང་ཁྱེར་མེལ་བྷོརན་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་སྦིརིསི་སྦེན་གྲོང་ཁྱེར་དུ་ཕེབས་འབྱོར་སྐབས་ས་གནས་དེའི་ནང་བཞུགས་པའི་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་དང་། ས་གནས་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་རྣམ་པ། མང་ཚོགས་ཁག་ཅིག་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་དང་། ཕྱི་ཚེས་ ༢༤ རེས་གཟའ་སྤེན་པ་ཉིན་བོད་རིགས་མང་ཚོགས་དང་ཐུག་འཕྲད་ཀྱིས་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་ཡོད་པ་རེད།
བོད་མི་མང་ཨའོསི་ཊརེ་ལེ་ཤི་ཡའི་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་གསུངས་ན།
སྲིད་སྐྱོང་མཆོག་གིས་སེ་ཌི་ནེས་དང་ཁེམ་བྷི་ར། མེལ་བྷོརན་བཅས་སུ་འཚམས་གཟིགས་གནང་རྗེས་བྷེ་རེ་སི་བྷེན་ནང་ཕྱི་ཚེས་༢༣དང་༢༤གཉིས་རིང་འཚམས་གཟིགས་གནང་ཡོད་ཅིང་། ཉིན་དང་པོར་Power House ནས་ཨོསི་ཊརེ་ལི་ཡའི་ABC རྒྱལ་ཡོངས་རླུང་འཕྲིན་ཁང་གིས་བཅར་འདྲི་ཞུས་ཡོད་པ་དང་།སྲིད་སྐྱོང་མཆོག་གིས་གསར་འགོད་པར་དྲིས་ལན་གཏིང་ཟབ་པ་དང་རྒྱ་ཆེན་པོ་གནང་ཡོད་པ་དང་། མང་ཚོགས་ཀྱིས་དངོས་གནས་དྲང་གནས་ཀྱི་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག་ཅེས་གསུང་བ་དང་ཆབས་ཅིག་ཧོང་ཀོང་ནས་ཡོང་བའི་སྐུ་ཚབ་ཅིག་གིས་ཁྱེད་རང་ཚོའི་དབུ་ཁྲིད་ཀྱི་རྩ་ནས་ཐོབ་ཐང་འཐབ་རྩོད་ཀྱི་ཐད་སྦྱངས་དགོས་པ་ཧ་ཅང་མང་པོ་འདུག་ཅེས་ཁོང་ལ་བརྗོད་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
ཡང་ཁོང་གིས་མུ་མཐུད་ད་ཐེངས་སྲིད་སྐྱོང་ཨོསི་ཊརེ་ལི་ཡའི་གྲོང་ཁྱེར་ཆེ་ཁག་གང་ལ་ཕེབས་ནའང་གསར་འགྱུར་ལས་ཁང་ཁག་གི་དོ་སྣང་སླེབས་ཡོད་པ་དང་། དམིགས་བསལ་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་པ་དེ་ལས་ རྒྱ་ནག་གཞུང་གིས་ཀྱང་དོ་སྣང་བྱེད་བཞིན་པ་ཤེས་ཐུབ་ཅེས་དང་ཡང་ད་ཐེངས་སྲིད་སྐྱོང་མཆོག་གིས་ནིའུ་ཛེ་ལན་ཌི་དང་ཨོསི་ཊརེ་ལི་ཡའི་འཚམས་གཟིགས་གནང་བ་འདིས་ལས་དོན་མང་པོ་ཞིག་ལ་དོ་སྣང་སླེབས་ཐུབ་ཡོད་པ་དང་། བོད་མི་ཚོའི་ངོས་ནས་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་སྒྲུབ་ཕྱོགས་ཤེས་རྟོགས་ཐུབ་སོང་སྙམ་ཞེས་སོཊ་འགྲེལ་བརྗོད་གནང་ཡོད་པ་རེད།
སྲིད་སྐྱོང་མཆོག་གིས་ས་གནས་བོད་མི་ཚོར་གསུང་བཤད་གནང་བའི་ནང་། སྐབས་ ༡༦ པའི་བཀའ་ཤག་གི་སྤྱི་ཡོངས་ཀྱི་དགོངས་པ་བཞེས་ཕྱོགས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ཕྱག་ལས་གནང་བཞིན་ཡོད་པ། བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་བརྟན་པོ་ཇི་ལྟར་བཟོ་ཐབས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་རྒྱུན་གནས་ཐུབ་ཐབས་དང་བོད་མི་མི་ཉུང་བ་ཞིག་ལ་སྡོད་ཁང་གི་དཀའ་ངལ་འཕྲད་བཞིན་པ་སེལ་ཐབས། བོད་ནས་བཙན་བྱོལ་དུ་ཕེབས་མཁན་ཧ་ཅང་ཉུང་དུ་ཕྱིན་པའི་སྐོར་དང་། སོ་སོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་དོ་སྣང་དང་ཤེས་རྟོགས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ། རྒྱལ་སྤྱིའི་སྟེང་བོད་དོན་གནས་བབ་མཐོ་རུ་གཏོང་ཐབས་སུ་འབད་བརྩོན་གནང་བཞིན་པ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་འདུག་ལ། ད་རེས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནིའུ་ཛེ་ལེནཌི་དང་ཨའོསི་ཊརེ་ལི་ཡའི་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་དེ་བཞིན་ལེགས་པར་གྲུབ་པ་ཞིག་དང་། ཕྱོགས་ཕེབས་འདིའི་བརྒྱུད་ནས་ས་གནས་རྒྱལ་ཡོངས་དང་མངའ་ཁུལ་གྱི་བརྒྱུད་ལམ་ཁག་བརྒྱུད་ཡུལ་དེར་བོད་ཀྱི་གནད་དོན་དང་ལོ་རྒྱུས་ཐད་བརྒྱུད་གྲགས་བྱུང་པར་ཕན་རླབས་ཆེན་པོ་བྱུང་པ་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ངོས་འཛིན་གནང་གི་འདུག
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།