སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཀོ་ལོམ་བྷིས་ཡའི་སློབ་གྲྭ་ཆེ་ཁག་ནང་བོད་དོན་སྐོར་གསུངས་བཤད་གནང་ཡོད་པ།

2023.10.07
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཀོ་ལོམ་བྷིས་ཡའི་སློབ་གྲྭ་ཆེ་ཁག་ནང་བོད་དོན་སྐོར་གསུངས་བཤད་གནང་ཡོད་པ།
ལྷོ་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ཟླ་༡༠་པའི་ཚེས་༦་ཉིན་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཀོ་ལོམ་བྷིས་ཡའི་ནང་ཡོད་པའི་Columbia National University གཙོས་པའི་སློབ་གྲྭ་ཆེ་ཁག་དགུ་ཡོད་སའི་མཐོ་སློབ་གྱི་སྡེ་ཚན་ཞིག་གི་ནང་ཆེད་ཕེབས་ཀྱིས་དེར་ཡོད་སློབ་ཕྲུག་ཚོར་བོད་དོན་སྐོར་གསུངས་བཤད་གནང་ཡོད་པ་རེད་འདུག

ལྷོ་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། སྐབས་དེར་སྲིད་སྐྱོང་མཆོག་གིས་དེར་འདུས་སློབ་ཕྲུག་དང་དགེ་ལས་ཚོར་གཙོ་བོ་བོད་ཀྱི་གནད་དོན་སྐོར་དང། བོད་མི་སྐྱབས་བཅོལ་བའི་གནས་སྟངས། དེ་བཞིན་བོད་མི་སྐྱབས་བཅོལ་བའི་འཕྲོད་བསྟེན་ལ་སོགས་པའི་གནས་སྟངས་ཀྱི་ཐོག་བཀའ་སློབ་ཟབ་མོ་གནང་ཡོད་པ་མ་ཟད།  སེམས་ཁམས་རིག་པའི་སྨན་པ་ཁག་ཅིག་དང་མཁས་དབང་ཁག་ཅིག་སོགས་དང་དུས་ཡུན་ཚོུད་གཉིས་ཙམ་རིང་མཇལ་འཕྲད་ཀྱིས་བོད་དོན་དང་འབྲེལ་བའི་གནད་དོན་གླེང་གནང་ཡོད་པ་དང།  ལྷག་པར་དུ་གོང་ཞུས་མཇལ་འཛོམས་གནང་བའི་མི་སྣ་ཚོའི་དྲི་བར་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་བ་སོགས་ཀྱི་མཛད་རིམ་བསྐྱངས་གནང་འདུག།
དེ་རྗེས་ཉིན་རྒྱབ་ཚོུད་གསུམ་པར་ས་གནས་ཀྱི་ཆོས་བརྒྱུད་འདྲ་མིན་གྱི་ཚོགས་པ་ཁག་བརྒྱད་ཙམ་གྱི་སྐུ་ཚབ་དང་མཇལ་འཕྲད་ཀྱིས་སྲིད་སྐྱོང་མཆོག་ནས་བོད་ཀྱི་ཆོས་དང། རིག་གཞུང་སོགས་ཀྱི་སྐོར་གསལ་སྟོན་གནང་བ་དང་དྲི་བར་ལན་འདེབས་གནང་བ་མ་ཟད།  ཕྱོགས་གཉིས་ཕན་ཚུན་དབར་དགོངས་ཚུལ་བརྗེ་ལེན་ཡང་གནང་འདུག།
དེ་རིང་སྤྱི་ཚེས་བདུན་ཉིན་སྲིད་སྐྱོང་མཆོག་མེག་སི་གྷོའོ་དུ་ཕྱོགས་ཕེབས་གནང་སྟེ་དེར་ཡོད་བློ་གསལ་གླིང་ཆོས་ཚོགས་སུ་བཅར་ནས་བོད་ཀྱི་ཆོས་དང། རིག་གཞུང།  དེ་བཞིན་བོད་ཀྱི་ནང་ཆོས་ཐོག་མར་ཁྱབ་འཕེལ་བྱུང་སྟངས་སོགས་ཀྱི་སྐོར་བཀའ་སློབ་གནང་རྒྱུ་དང། དེ་ནས་མུ་མཐུད་སང་ཉིན་རེས་གཟའ་ཉི་མའི་ཉིན་དེར་ཡོད་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཚོར་མཇལ་འཕྲད་གནང་རྒྱུ་ཡིན་པ་བཅས་ལྷོ་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་མུ་མཐུད་ངོ་སྤྲོད་གནང་ཡོད་པ་རེད།

རྩ་བའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལྷོ་ཀ་མི་རི་ཀའི་རྒྱལ་ཁབ་ཆེ་ཁག་བཞིའི་ནང་གཞུང་དོན་འཚམས་གཟིགས་གནང་བའི་ནང་ཀོ་ལོམ་བྷིས་ཡའི་ནང་གི་མཛད་འཆར་གྱི་ཐོག་མར། ཀོ་ལོམ་བྷིས་ཡ་རྒྱལ་ཡོངས་ཀྱི་རླུང་འཕྲིན་ཁང་ཆེ་ཤོས་ཕཱ་ར་ཀོལ་ལཱ་ཊ་བྷོལ་རླུང་འཕྲིན་ཁང་གིས་བོད་དོན་དང་འབྲེལ་བའི་གནད་དོན་སྐོར་སྐར་མ་༤༥འི་རིང་བཅར་འདྲི་གནང་ཡོད་པ་དང་།དེ་ནས་ཡང་ཀོ་ལོམ་བྷིས་ཡའི་ཚགས་པར་ཁང་ཆེ་ཤོས་ཨང་གཉིས་པས་ཡང་དུས་ཡུན་སྐར་མ ༤༥འི་རིང་བོད་དོན་སྐོར་བཅར་འདྲི་ཞུས་ཡོད་པ་རེད་བཞག།
དེ་མིན་ཀོ་ལོམ་བྷིས་ཡའི་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་གཉིས་ཀྱིས་བོད་དོན་སྐོར་དང་དེ་མིན་བོད་ཀྱི་ཁོར་ཡུག་དང་སྲོག་ཆགས་སོགས་སྐྱེ་ཁམས་སྐོར་དང་། བོད་ཀྱི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་བྱེད་ཕྱོགས། བོད་ནང་ད་ལྟ་འཕྲད་བཞིན་པའི་དཀའ་ངལ་སྐོར་སོགས་བགྲོ་གླེང་གནང་ཡོད་པ་རེད།
སྲིད་སྐྱོང་མཆོག་Mexico ནང་གཞུང་དོན་འཚམས་གཟིགས་གནང་རྗེས་བྱང་ཨ་མི་རི་ཀའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུའི་ནང་དེ་སྔ་བཅར་མེད་པའི་ཨ་མི་རི་ཀའི་མངའ་སྡེ་འདྲ་མིན་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལ་གཟིགས་ཞིབ་དང།་ཨ་མི་རི་ཀའི་རྒྱལ་སའི་ནང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་ཕྱི་སྲིད་ལས་ཁུངས་དང་ཕོ་བྲང་དཀར་པོ་བཅས་ཀྱི་འབྲེལ་ཡོད་མི་སྣ་ཁག་དང་མཇལ་འཛོམས་གནང་རྒྱུ་དང།  ཨ་མི་རི་ཀའི་རྒྱལ་ཡོངས་གསར་འགོད་ལྷན་ཚོགས་སུ་བོད་དོན་གཏམ་བཤད་གནང་རྒྱུ་སོགས་གཏན་འཁེལ་བྱུང་ཡོད་པ་རེད་འདུག

གསར་འགོད་པ། དེ་མོ་དབྱངས་སྒྲོལ།
རྩོམ་སྒྲིག་པ། ཆོས་སྐྱིད།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎