རྒྱ་ནག་གི་ས་ཁུལ་བཙན་འཕྲོག་གི་སྲིད་བྱུས་ནི་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་ཅན་ཞིག་རེད་ཅེས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གསུངས་པ།
རྒྱ་གར་བྱང་ཤར་ཨར་རུ་ནཱ་ཅལ་མངའ་སྡེའི་ལྟེ་བའི་གྲོང་ཁྱེར་ཨི་ཊ་ནཱ་གར་གྱི་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ། ཟླ་ ༡ ཚེས་ ༢༤ ཉིན་ཁོར་ཡུག་དང་བདེ་འཇགས་ཞེས་པའི་བརྗོད་གཞི་དང་འབྲེལ་ཏེ་ཚོགས་འདུ་ཞིག་འཚོགས་ཡོད་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་བདེ་འཇགས་ཙམ་མིན་པར། རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་མང་པོར་དཔལ་འབྱོར་དང་འབྲེལ་བུ་ལོན་འཕོན་ཆེ་སྔ་གཡར་གྱིས། རིམ་པས་གྲུ་གཟིངས་འཇོག་སའི་གྲུ་ཁ་ཆེན་པོ་ཁག་ལས་ཀྱང་བརྒལ་ཏེ་ས་ཆ་གཡོ་ལེན་བྱེད་བཞིན་པ་ནི། རྒྱ་གར་གྱི་བདེ་འཇགས་ཐོག་ཉེན་ཁ་ཆེན་པོ་ཆགས་ཡོད་པ་གསལ་སྟོན་གནང་གི་འདུག

དེ་ཡང་སྲིད་སྐྱོང་མཆོག་གིས། དེང་སང་ཧི་མ་ལ་ཡ་ཚུད་པའི་མཚོ་ཐོག་འགྲུལ་བཞུད་ཀྱི་བདེ་འཇགས་ཀྱང་རྒྱ་གར་ལ་མཚོན་ན་ཧ་ཅང་གལ་ཆེན་ཆགས་ཡོད། རྒྱ་ནག་གཞུང་གིས་བརྒྱུད་གཅིག་ལམ་གཅིག་དང་འབྲེལ་འཛམ་གླིང་གང་སར་བུ་ལོན་གྱི་རྙི་འཛུགས་བཞིན་པའི་མཚོན། མཱ་ལ་ཀཱ་ (Malacca) མཚོ་ལམ་ཕལ་མོ་ཆེ་རྒྱ་ནག་གཞུང་གིས་སྟངས་འཛིན་འོག་ཚུད་ཡོད་པ་མ་ཟད། རྒྱལ་ཁབ་མང་པོར་བུ་ལོན་ཕོན་ཆེ་གཡར་ཏེ་སྐྱིན་ཚབ་སྤྲོད་མི་ཐུབ་པར་བཟོས་ཡོད་པས། ཀམ་པོ་ཌི་ཡའི་ (Cambodia) དཔལ་འབྱོར་གྱི་བརྒྱ་ཆ་ ༤༠ རྒྱ་ནག་གི་བུ་ལོན་ནང་ལྷུང་ཡོད་པ་དང་། བྷར་མའི་ (Burma) ཁོ་ཁོ་མཚོ་གླིང་ (Coco Island) དང་ས་ཆ་གཞན་ཁག་ཅིག་ཀྱང་རྒྱ་ནག་ལ་ཤོར་ཚར་ཏེ། བྷེང་གོལ་མཚོ་ཁུག་ཡོངས་རྫོགས་ལ་བལྟ་ཐུབ་པ་བཟོས་ཡོད་པ་དེས། རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཆགས་ཀྱི་ཡོད་ཅིང་། ཤྲི་ལངྐའི་ནང་དུའང་གནམ་ཐང་དང་གྲུ་གཟིངས་འབབ་ཚིགས་ལས་ཀྱང་སྤྱི་ལེ་དྲུག་ཅུ་ལྷག་གི་ས་རྒྱ་ནག་གིས་བཟུང་ཡོད་པའི་མུར། ཉེ་ཆར་པ་པཱ་ཀི་སི་ཐན་གྱི་གྷ་ཝ་དར་(Gwadar)གྲུ་ཁའི་རྒྱལ་སྤྱིའི་གནང་ཐང་རྒྱ་ནག་གིས་སྒོ་འབྱེད་བྱས་ཏེ་ཨ་རབ་ཀྱི་མཚོ་ཁུག་ལ་ཁ་ལོ་བསྒྱུར་རྩིས་ཡོད་པ་སོགས་ཀྱིས། རྒྱ་གར་གྱི་ཕྱོགས་མཐའ་ཡོངས་རྫོགས་རྒྱ་ནག་གིས་བསྐོར་ཏེ་བདེ་སྲུང་ཐད་ཉེན་ཁ་ཧ་ཅང་ཆེན་པོ་བཟོ་བཞིན་པ་སོགས་གསལ་སྟོན་གནང་གི་ཡོད་པ་རེད།
བརྙན་པར་སྒྲིག་སྦྱོར་བ། པ་སངས་དོན་ལྡན།
གཞན་ཡང་རྒྱ་གར་བྱང་ཤར་ཨར་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ནས་ཀྱང་ཚོགས་འདུ་དེར་གསུང་བཤད་གནང་སྐབས། རྒྱ་ནག་གིས་བོད་ལ་བཙན་འཛུལ་དང་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་བཞིན་ཡོད་པས། རྒྱ་ནག་གི་རྒྱ་བསྐྱེད་ཀྱི་སྲིད་ཇུས་ལ་རྟག་ཏུ་ཡིད་གཟབ་བྱ་དགོས་པ་གསལ་སྟོན་གནང་ཡོད་པ་རེད། དེ་ཡང་ཁོང་གིས། སྔ་མོ་རྒྱ་གར་དང་བོད་ཀྱི་དབར་ས་མཚམས་ཡོད་པ་མ་གཏོགས་རྒྱ་ནག་དང་རྒྱ་གར་ནི་ཧ་ཅང་རྒྱང་ཐག་རིང་པོ་ཡིན་ནའང་། རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་དང་མཚུངས་རྒྱ་ནག་གཞུང་གི་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་ཇུས་འོག རྒྱ་གར་དང་འབྲུག་སོགས་ཀྱི་བོད་དང་ཐག་ཉེའི་ས་ཁུལ་མང་པོ་ཞིག་རྒྱ་ནག་གི་ཡིན་ལུགས་ཧམ་བཤད་བྱེད་བཞིན་པར་བརྟེན། རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ལ་ཡིད་གཟབ་གནང་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་ཡིན་པ་དང་། རྒྱ་ནག་གཞུང་གིས་ཡར་རྒྱས་ཀྱི་མིང་ཐོག་ནས་བོད་ཀྱི་ཐུན་མོང་མིན་པའི་ཆོས་དང་རིག་གཞུང་རྩ་མེད་བཟོ་བཞིན་པ་དང་། བོད་ནང་གཏེར་ཁ་བསྔོག་འདོན་གྱིས་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེ་གཏོང་བཞིན་པ། བོད་ཀྱི་ཆུ་བོ་ཁག་ཏུ་ཆུ་མཛོད་ཆེ་ཆུང་སྣ་ཚོགས་འཛུགས་སྐྲུན་དང་། ལྷག་པར་རྒྱ་གར་ཨར་རུ་ན་ཅཱལ་མངའ་སྡེའི་ཁྱིམ་མཚེས་ཀོང་པོ་མེ་ཏོག་རྫོང་དུ་འཛམ་གླིང་གི་ཆུ་གློག་ཆེ་ཤོས་འཛུགས་སྐྲུན་གྱི་ལོ་ལྔའི་འཆར་གཞི་བཀོད་ཟིན་པ་སོགས་ནི། རྒྱ་གར་དང་འཛམ་གླིང་སྤྱི་ལ་དཀའ་ཉེན་ཆེན་པོ་ཞིག་ཆགས་ཡོད་པ་བཅས་གསལ་སྟོན་གནང་གི་འདུག

ཚོགས་འདུ་དེར་ད་དུང་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཏ་པོར་གྷའོ་ལགས་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་རྒྱལ་ཡོངས་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ལགས། ཨར་རུ་ན་ཅཱལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཏར་ཏ་རཀ་ལགས་སོགས་ཀྱང་ཆེད་དུ་བཅར་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།