རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་འཛམ་གླིང་གི་ཆུ་རགས་ཆེ་ཤོས་ཞིག་རྒྱག་འཆར་ཡོད་ནི་བློ་ཚབས་བྱ་དགོས་པའི་གནད་དོན་ཞིག་རེད་ཅེས་གསུངས་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་ཟླ་བ་འདིའི་ཚེས་ ༡༩ ཉིན་ནས་འགོ་འཛུགས་ཀྱིས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། རྒྱ་གར་བྱང་ཤར་ཁུལ་གྱི་ནཱ་གྷ་ལེནཌ་མངའ་སྡེའི་ས་གནས་དྷི་མ་པུར་དང་། ཨི་ཊཱ་ན་གར། ཨ་རུ་ནཱ་ཅལ་དང་བོད་ཀྱི་མཐའ་མཚམས་ས་ཁུལ་ཀྲུ་ཀྲིང་། མེའོ། ཏིཛུ། དང་རྡོ་རྗེ་གླིང་ཁུལ་གྱི་ཁ་འཐོར་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། འདི་ཚེས་ ༢༤ ཉིན་སྲིད་སྐྱོང་མཆོག་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་རྒྱལ་ས་ཨི་ཊཱ་ན་གར་དུ་ཡོད་པའི་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ཁོར་ཡུག་དང་བདེ་འཇགས་(Environment and Security) ཞེས་པའི་བརྗོད་གཞིའི་ཐོག་ཉིན་གཅིག་གི་བགྲོ་གླེང་ལྷན་ཚོགས་དབུ་འབྱེད་མཛད་སྒོར་ལྷན་ཞུགས་གནང་ཡོད་པ་རེད། གཞན་ཡང་མཛད་སྒོའི་ཐོག་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་གཙོས་པའི་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཏ་པིར་གྷའོ་ (Tapir Gao) ལགས་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་རྒྱལ་ཡོངས་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ལགས། ཨ་རུ་ནཱ་ཅལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཏར་ཏ་རག་ (Tarh Tarak) ལགས། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཐོག་མ་སྐུ་ཞབས་ (P.K Thungonk) པི་ཀེ་ཐུང་ཀོང་ལགས་བཅས་ཕེབས་ཞུགས་གནང་ཡོད་པ་རེད།

མཛད་སྒོའི་ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས། ཨེ་ཤེ་ཡའི་ནང་བོད་མཐོ་སྒང་དེ་བཞིན་ས་བབ་དང་ཁོར་ཡུག་སོགས་ཀྱི་ཆ་ནས་གནད་འགག་ཅན་ཞིག་ཡིན་པས། རྒྱ་གར་ལྟ་བུར་ཆ་མཚོན་ན་རྒྱ་གར་ནང་རྒྱུག་བཞིན་པའི་ཆུ་བོ་མང་ཆེ་བའི་འབྱུང་ཁུངས་དེ་བོད་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་བོད་ནང་རྒྱ་ནག་གཞུང་གིས་འཛུགས་སྐྲུན་ཡར་རྒྱས་ལ་ཁ་གཡར་ནས་བོད་ནང་གི་རང་བྱུང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་མང་པོ་སྤེལ་ཏེ་ཁོར་ཡུག་ལ་ཉེན་ཚབས་ཆེན་པོ་བཟོས་བཞིན་པ་དང་ལྷན། ལྷག་པར་ཕྱི་ལོ་ ༢༠༠༠ ལོ་ནས་བོད་ནང་ཆུ་མཛོད་ཀློག་ཁང་ ༡༩༠ ལྷག་བཟོ་སྐྲུན་བྱས་ཡོད་པ་མ་ཟད། ཉེ་ལམ་ཨ་རུ་ནཱ་ཅལ་གྱི་ས་མཚམས་ཉེ་འཁྲིས་ཀོང་པོ་ཉིང་ཁྲིའི་མེ་ཏོག་རྫོང་གི་ཡར་ཀླུང་གཙང་པོའི་སྨད་ཕྱོགས་ཀྱི་བཞུར་རྒྱུན་དུ། འཛམ་གླིང་གི་ཆུ་རགས་ཆེ་ཤོས་ཤིག་རྒྱག་འཆར་ལ་རྒྱ་ནག་གཞུང་གི་ཆོག་མཆན་སྤྲོད་ཟིན་པ་དེར། ཨ་རུ་ནཱ་ཅལ་མི་མང་དང་རྒྱ་གར་ཁྱོན་ཡོངས་ནས་བློ་ཚབས་བྱ་དགོས་པའི་གནད་དོན་ཞིག་རེད་ཅེས་ནན་བརྗོད་གནང་སོང་།
དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། བོད་མི་རྣམས་ནས་བཙན་བྱོལ་དུ་དུས་ཡུན་རིང་པོར་གནས་དགོས་པ་དྲན་མེད་ཀྱང་། ད་ཆ་རྒྱ་གར་ནང་བཙན་བྱོལ་དུ་གྱར་ནས་ལོ་ངོ་ ༦༦ ཙམ་ཕྱིན་ཡོད་པ་རེད། དེ་སྔ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ཕྱི་ལོ་ ༡༩༡༠ ལོར་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་ཀྱང་། མཐར་ལོ་གཉིས་རྗེས་སུ་བོད་ནང་བསྐྱར་དུ་ཕྱིར་ཕེབས་ཐུབ་པ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས། ཁོང་གིས་བོད་དང་རྒྱ་གར་དབར་གནའ་སྔ་མོ་ནས་ཆོས་དང་རིག་གཞུང་སྐད་ཡིག་སོགས་གང་ཅིའི་ཐོག་འབྲེལ་བ་དམ་གཟབ་ཡོད་པས། རྒྱ་གར་དབུས་ས་གཉིས་ཀྱི་མཐུན་འགྱུར་རོགས་རམ་དང་ཐུགས་རྗེ་བཀྲིན་ལ་བརྟེན། བོད་མིའི་ངོ་བོ་དང་རྩ་དོན་གསོན་པོར་གནས་ཐུབ་ཡོད་པས་རྒྱ་གར་དབུས་ས་གཉིས་ཀྱི་གཞུང་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་དོན་བདེན་མཐའ་མ་སེལ་བར་དུ་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་སོང་།

རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཏ་པིར་གྷའོ་ (Tapir Gao) ལགས་ཀྱིས། རྒྱ་གར་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁོར་ཡུག་ནི་ཧི་མ་ལ་ཡ་ཡིན་པས། ཧི་མ་ལ་ཡའི་བདེ་འཇགས་ནི་བོད་མཐོ་སྒང་ཆགས་ཀྱི་ཡོད་དུས་གལ་ཏེ་ཧི་མ་ལ་ཡ་དང་བོད་ཀྱི་བདེ་འཇགས་མེད་པ་ཡིན་ན། རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཆགས་ཀྱི་ཡོད་པར་སོང་། ཐེངས་འདིར་ལྷན་འཛོམས་འདིའི་བརྒྱུད་གནད་དོན་དེའི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་སྐོར་དང་། ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ནང་གི་གཙང་ཆུའི་འབྱུང་ཁུངས་དེ་བོད་མཐོ་སྒང་ཆགས་ཀྱི་ཡོད་པས། ད་ཆ་བོད་ནང་རྒྱ་ནག་གཞུང་གིས་ཁོར་ཡུག་ལ་གཏོར་སྐྱོན་བྱེད་བཞིན་པ་དེས་ལྷོ་ཤར་ཨེ་ཤེ་ཡའི་ནང་ཁོར་ཡུག་ཉེན་ཚབས་ཅན་ཞིག་ཏུ་གྱུར་ཡོད་པས། ཚང་མས་སེམས་ཚབས་དགོས་པ་རེད་ཅེས་དང་། གལ་ཏེ་རྒྱ་ནག་གཞུང་གིས་བོད་ནང་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ་དེ་མུ་མཐུད་གནས་པ་ཡིན་ན། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཚང་མའི་བདེ་འཇགས་ལ་ཉེན་ཁ་ཡོད་པ་ནན་བརྗོད་གནང་ཡོད་པ་རེད།
ཉིན་རྒྱབ་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་རྒྱ་གར་གི་བོད་རིག་པ་བ་སྐུ་ཞབས་ཝི་ཇ་ཡ་ཀརནྟི (Vijay Kranti) ལགས་རྣམ་གཉིས་ནས། རྒྱ་གར་གྱི་བདེ་འཇགས་ཀྱི་འགན་འཁུར་དང་། རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་གྱིས་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེ་གཏོང་བཞིན་པ་སོགས་ཀྱི་ཐད་ངོ་སྤྲོད་དང་མང་ཚོགས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།