སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཀྲུ་ཀྲིང་བོད་མིའི་གཞིས་ཆགས་སུ་ཕེབས་སྐབས་ས་གནས་འགོ་འཛིན་གཙོས་མི་མང་རྣམས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ།

2022.11.05
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཀྲུ་ཀྲིང་བོད་མིའི་གཞིས་ཆགས་སུ་ཕེབས་སྐབས་ས་གནས་འགོ་འཛིན་གཙོས་མི་མང་རྣམས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ། འདི་ཚེས་༥ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཀྲུ་ཀྲིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་བྱུང་ཡོད་ཅིང་། ཁུལ་དེར་མུ་མཐུད་འཚམས་གཟིགས་གནང་མུས་ཡིན་འདུག
Photo: RFA

ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་མངའ་སྡེའི་སྐུ་མགྲོན་དུ་མགྲོན་འབོད་ཞུས་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་དང་མེ་གྷ་ལ་ཡ་མངའ་སྡེའི་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་། ད་རིང་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཐད་འཕུར་གནམ་གྲུ་བརྒྱུད་ཀྲུ་ཀྲིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་ལ་ཀྲུ་ཀྲིང་ས་གནས་འགོ་འཛིན་དང་། ངེས་གསང་མདོ་སྔགས་བྱང་ཆུབ་དར་རྒྱས་གླིང་དགོན་པའི་མཁན་པོ་དང་ས་གནས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་འདུག

IMG_1049.jpg
སྲིད་སྐྱོང་མཆོག་གིས་ཀྲུ་ཀྲིང་གཞི་ཆགས་སུ་ས་གནས་འགོ་འཛིན་ལས་ཁུངས། འཕྲོད་བསྟེན་ཡན་ལག་སྨན་ཁང་། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས། ཡན་ལག་སྨན་རྩིས་ཁང་བཅས་ལ་གཟིགས་སྐོར་གནང་འདུག
སྤྱིར་ཨ་རུ་ན་ཅལ་མངའ་ཁོངས་སུ་ཆགས་པའི་ཀྲུ་ཀྲིང་གཞིས་ཆགས་དེ་བཞིན་ཐོག་མར་རྒྱུན་རིང་པོ་ཞིག་ལ་ངེས་བརྟན་མེད་པར་གནས་ཡོད་པ་དང་ཕྱི་ལོ་ ༡༩༩༠ ལོར་ཏི་ཛུ་དར་རྒྱས་གླིང་ས་གནས་འགོ་འཛིན་འོག་གནས་འདུག ཡང་ཕྱི་ལོ་ ༢༠༡༣ ལོར་ཏི་ཛུ་གཞིས་ཆགས་ཁོངས་ནས་ལོགས་སུ་ས་གནས་འགོ་འཛིན་ཞིག་བསྐོ་གཞག་གནང་འདུག ད་ལྟ་ཀྲུ་ཀྲིང་གཞིས་ཆགས་ཁོངས་སུ་ཁ་འཐོར་ས་གནས་ ༡༧ ནང་ལ་བོད་མི་བཙན་བྱོལ་བ་ཁྱིམ་ཚང་༢༡༤ ཙམ་དང་མི་འབོར་ ༨༠༠ ཙམ་ཡོད་འདུག ཁུལ་དེའི་ནང་གནས་སྡོད་བྱེད་མཁན་བོད་མི་རྣམས་པདྨ་བཀོད། ཀོང་པོ། དག་པོ། རི་བོ་ཆེ་བཅས་ནས་བཙན་བྱོལ་དུ་ཕྱི་ལོ་ ༡༩༥༩ རྗེས་སུ་ཡོང་བ་དེ་འདྲ་ཡིན་པ་དང་། ཡང་བོད་མི་ཁག་ཅིག་ཕྱི་ལོ་ ༡༩༡༤ ལོར་བོད་དང་རྒྱ་གར་གྱི་ས་མཚམས་མེཀ་མོ་ཧན་ས་ཐིག(McMohan Line) ཞེས་པ་འཐེན་ནས་བོད་ས་མ་ཤོར་གོང་ནས་ཁུལ་དེར་གནས་སྡོད་བྱེད་མཁན་ཡང་ཁག་ཅིག་བྱུང་འདུག ཀྲུ་ཀྲིང་ས་གནས་ནི་བོད་མིའི་སྒྲིག་འཛུགས་ཀྱི་གཞིས་ཆགས་གཞན་དང་མི་འདྲ་བའི་གནས་སྟངས་དང་མཐུན་རྐྱེན་གང་ཅི་ཐོག་ནས་ཧ་ཅང་ཞན་པོ་ཡོད་པ་དང་། ཁོང་ཚོའི་འཚོ་བའི་རྟེན་གཞི་གཙོ་བོ་ནི་སྔ་མ་ཡིན་ན་སོ་ནམ་ཞིང་ལས་དང་ལམ་བཟོ་སོགས་རྒྱུགས་ནས་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། ད་ཆ་བོད་མི་ཕལ་ཆེ་བ་ཟ་ཁང་དང་ཚོང་རྩག་རྩིག་གཉེར་བ་དང་གཞོན་སྐྱེས་རྣམས་ཕལ་ཆེ་བ་དང་ཞབས་དམག་སྒར་ནང་འཛུལ་ཞུགས་བྱེད་ཀྱི་འདུག
ཀྲུ་ཀྲིང་ས་གནས་སུ་བོད་པའི་སློབ་གྲྭ་མེད་པའི་རྐྱེན་གྱིས་ཕྲུ་གུ་ཚོ་ཤེས་ཡོན་གྱི་ཆེད་དུ་ཐག་རིང་བོད་པའི་སློབ་གྲྭ་ཁག་ཏུ་་བསྐྱོད་དགོས་ཀྱི་་ཡོད་ན་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ས་ཁུལ་དེ་དག་གི་སློབ་ཕྲུག་ཚོར་སློབ་གྲྭའི་སློབ་ཡོན་དང་ལམ་གྲོན་སོགས་ཀྱི་ཐད་དམིགས་གསལ་ཆག་ཡང་གནང་བཞིན་པ་རེད།།

གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎