སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་ཨ་རིབ་ཝི་རཱ་ནི་མཆོག་ལ་འཚམས་འདྲི་ཞུས་འདུག

2023.07.28
སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་ཨ་རིབ་ཝི་རཱ་ནི་མཆོག་ལ་འཚམས་འདྲི་ཞུས་འདུག སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་ཨ་རིབ་ཝི་རཱ་ནི་མཆོག་ཁེ་ན་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་ཏུ་བསྐོ་གཞག་གནང་བར་འཚམས་འདྲི་ཞུས་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༢༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རིབ་ཝི་རཱ་ནི་མཆོག་ཁེ་ན་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་ཏུ་བསྐོ་གཞག་གནང་བར་འཚམས་འཕྲིན་ཞིག་གནང་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། སྐུ་ཉིད་ཀྱི་ལྷག་བསམ་ཧུར་བརྩོན་ལ་ཆེ་བསྟོད་ངོས་འཛིན་འདི་ལྟ་བུ་ཐོབ་པ་ནི་དངོས་གནས་འོས་ཤིང་འཚམས་པ་ཞིག་ཡིན་པ་དང་། སྐུ་ཉིད་ལ་མཚོན་ན་ཁྲིམས་དོན་རིག་པར་སྦྱངས་པ་དང་ཉམས་མྱོང་ཚད་མཐོ་ཞིང་། བློ་རིག་རྣམ་དཔྱོད་བཀྲ་བ་ཞིག་ཡིན་སྟབས། ཁེ་ན་ཌའི་ནང་དྲང་བདེན་དང་། རང་དབང་། མང་གཙོ་སྲ་བརྟན་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་རླབས་ཆེ་ཞུ་ཐུབ་ངེས་ཤིག་ཡིན་པ་གསུངས་ཤིང་། སྲིད་སྐྱོང་མཆོག་གིས་མུ་འཐུད། གོ་སྐབས་འདི་བརྒྱུད་སྐུ་ཉིད་ནས་བོད་དང་བོད་མིར་རྒྱབ་སྐྱོར་གཡོ་བ་མེད་པ་གནང་དང་གནང་མུས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་མ་ཟད། སྐུ་ཉིད་ནས་རྒྱུན་མཐུད་དེ་བོད་དོན་ལ་རྒྱབ་སྐྱོར་དང་བོད་དོན་ཞུ་གཏུག་གནང་བ་དེ་བོད་དོན་འཐབ་རྩོད་རྒྱུན་འཁྱོངས་སྲ་བརྟན་གཏོང་བར་ཕན་ཐོགས་ཆེན་པོ་བྱུང་ཡོད་ཅེས་གསུངས་འདུག སྐུ་ཞབས་ཨ་རིབ་ཝི་རཱ་ནི་མཆོག་ནི་ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡིན་ལ། ཁོང་གིས་མཛད་འགན་འདི་བཞེས་པའི་རིང་ཁེ་ན་ཌའི་གྲོས་ཚོགས་ཀྱི་ནང་བོད་དོན་དང་འབྲེལ་བའི་ཉན་ཞིབ་ཁག་མང་གནང་ཡོད་པ་རེད། སྐུ་ཞབས་ཝི་རཱ་ནིས་ད་ལྟའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་སྐབས་གོང་མའི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་རྣམ་པ་གཉིས་ཀ་མཇལ་མྱོང་ཡོད་པར་མ་ཟད། ཁེ་ན་ཌའི་གྲོས་ཚོགས་ཀྱི་ནང་བོད་དོན་གསུང་བཤད་དང་ཉན་ཞིབ་སོགས་གནང་སྐབས་བོད་བཟོའི་སྟོད་ཐུང་བཞེས་པ་ལན་མང་བརྙན་པར་ནང་མཇལ་རྒྱུ་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་འཚམས་འཕྲིན་ནང་སྐུ་ཞབས་ཨ་རིབ་ཝི་རཱ་ནི་མཆོག་ནས། ཁེ་ན་ཌའི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་ལས་གནས་འདི་འཇོན་ཐང་ལྡན་པའི་འགོ་ཁྲིད་ཞིག་ལ་རྩིས་སྤྲོད་གནང་པའི་ཡིད་ཆེས་གཙང་མ་ཡོད་ཅེས་གསུངས་འདུག

དེ་བཞིན་བོད་མི་དམངས་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཀྱང་སྐུ་ཞབས་ཨ་རིབ་ཝི་རཱ་ནི་ལ་མཚམས་འཕྲིན་གནང་པའི་ནང་།
སྐུ་ཉིད་ད་རེས་བློན་ཆེན་དུ་འོས་འདེམས་བྱུང་བ་དེ་ནི་ཁེ་ན་ཌའི་མི་དམངས་ཀྱིས་སྐུ་ཉིད་ཀྱི་མཛད་རྗེས་ལ་ཡིད་ཆེས་བློས་འགེལ་ཞུ་བཞིན་ཡོད་པ་མཚོན་པ་ཞིག་ཡིན་ལ། མཚན་གནས་གསར་པ་འདིའི་ཐོག་ནས་མང་ཚོགས་ཀྱི་རེ་བ་ཞུས་པ་ལྟར་ཕྱག་ལས་ལམ་ལྷོང་ལྡན་པ་ཞིག་ཡོང་བའི་རེ་སྨོན་ཞུ་གི་ཡོད་པ་གསུངས་འདུག ལྷག་པར་དུ་སྤྱི་འཐུས་ཚོགས་གཙོ་མཆོག་གིས། བོད་དོན་བདེན་མཐའ་སེལ་ཐབས་སུ་སྐུ་ཉིད་ནས་མུ་མཐུད་རྒྱབ་སྐྱོར་གནང་བའི་ཐུགས་རེ་ཞུ་གི་ཡོད་ཅེས་དང་། ཁྱེད་ཀྱིས་ད་བར་བོད་དོན་བདེན་མཐའ་སེལ་ཐབས་སུ་ཁེ་ན་དྲའི་གྲོས་ཚོགས་ནང་ཐུགས་འཁུར་ཆེ་བཞེས་གནང་བ་དང་།
ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་པ་སོགས་ཀྱི་མཛད་རྗེས་ལ་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
སྐུ་ཞབས་ཨ་རིཕ་ཝི་ར་ནི་མཆོག་གི་ཕ་མེས་ཀྱི་མི་རྒྱུད་ནི་རྒྱ་གར་གྱི་གྷུ་ཇ་ར་ཏིའི་མངའ་སྡེ་ནས་ཡིན་འདུག་ཀྱང་ཁོང་རང་ཉིད་Uganda འི་ནང་འཁྲུངས་ཞིང་ཕྱི་ལོ་ ༡༩༧༡ ཙམ་ལ་ཁེ་ན་ཌའི་ནང་གཞིས་སྤོས་གནང་བ་ཞིག་ཡིན་འདུག རིམ་པས་ཁྲིམས་རྩོད་པའི་ཕྱག་ལས་གནང་བ་དང་ཕྱི་ལོ་ ༢༠༡༥ ལོ་ནས་བཟུང་ཁེ་ན་ཌའི་གུ་ཡངས་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མིར་འདེམས་ཐོན་བྱུང་བ་ཞིག་ཡིན་འདུག།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎