སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་གཞིས་ཆགས་ཁག་ནང་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་བསྐྲུན་དགོས་པའི་གལ་གནད་སྐོར་གསུངས་སོང་།

2021.11.12
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་གཞིས་ཆགས་ཁག་ནང་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་བསྐྲུན་དགོས་པའི་གལ་གནད་སྐོར་གསུངས་སོང་།
RFA

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱ་བལ་འབྲུག་གསུམ་ཁུལ་གྱི་བོད་མིའི་སོ་ནམ་གཞིས་ཆགས་༡༨ དང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གཙོས་མཉམ་འབྲེལ་ཁག་༡༥ ཡི་སོ་མཉམ་ཚོགས་ཆེན་ཐེངས་༨ པ་དེ་བཞིན་བཞུགས་སྒར་རྡ་རམ་ས་ལར་སྲིད་སྐྱོང་ཚོགས་ཁང་དུ་འདི་ཚེས་༡༢ ཉིན་འགོ་འཛུགས་གནང་ཞིང་། སྐབས་དེར་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྒྱ་གར་ནང་བོད་མིའི་མི་འབོར་ཉུང་དུ་འགྲོ་བཞིན་ཡོད་པར་བརྟེན། མ་འོངས་པར་བྷེལ་ཀོབ་ལ་སོགས་པའི་གཞིས་ཆགས་ཆེ་ཁག་ནང་དུ་མི་མང་རང་ཉིད་ཀྱི་འདོད་མོས་ལྟར་གནས་སྤོ་བྱ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་གསུངས་ཤིང་། ལྷག་པར་དུ་བོད་མིའི་གཞིས་ཆགས་ཁག་ནང་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་བཟོ་བསྐྲུན་བྱས་ཐུབ་པ་ཡིན་ན་བོད་མིའི་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་ཡོང་བར་ཕན་ཐོགས་ཡོད་པ་གསུངས་གནང་སོང་།
ཡང་སྐབས་དེར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་སྤྱི་ཟུར་པདྨ་བདེ་ལེགས་ལགས་ཀྱིས། གཞིས་ཆགས་སྲ་བརྟན་ཡོང་བར་སོ་ནམ་འདེབས་ལས་བྱེད་རྒྱུ་གལ་ཆེ་ཡིན་ནའང་། སོ་ནམ་འདེབས་ལས་བྱེད་མཁན་མི་རབས་རྒན་པོ་ཚོ་རིམ་པས་རྫོགས་འགྲི་ཡི་ཡོད་པའི་ཁར། དེ་རྒྱུན་འཁྱོངས་བྱེད་མཁན་མེད་པའི་དབང་གིས་གཞིས་ཆགས་མང་པོ་ཞིག་ནང་སོ་ནམ་འདེབས་ལས་དེ་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་གསུངས་གནང་སོང་།
འོན་ཀྱང་། ཀོ་ལེ་གྷལ་གཞིས་སྒར་གྱི་་སོ་ནམ་འདེབས་ལས་ཀྱི་གནས་སྟངས་ནི་སྔར་ལས་ཀྱང་ཡར་རྒྱས་སུ་ཕྱིན་ཡོད་པ་གཞིས་ཆགས་དེ་ཉིད་ཀྱི་མཉམ་འབྲེལ་དྲུང་ཆེ་བསྟན་འཛིན་ཆོས་དར་ལགས་ཀྱི་ངོ་སྤྲོད་གནང་ཞིང་། ཀོ་ལེ་གྷལ་ལྟ་བུ་མཚོན་ན་དེ་སྔ་ཡིན་ན་ཨ་ཤོམ་གཅིག་པུ་མ་གཏོགས་འདེབས་ལས་བྱེད་སྲོལ་མེད་ཀྱང་་། ད་སྐབས་རྒྱ་གྲོ་མ་ལ་སོགས་པའི་སྔོན་ཚལ་འདྲ་མིན་འདེབས་ལས་བྱེད་ཀྱི་ཡོད་པའི་ཁར་སོ་ནམ་འདེབས་ལས་བྱེད་མཁན་ཁྱིམ་ཚང་༥༠ ཙམ་ཡོད་པ་འགྲེལ་བརྗོད་གནང་གི་འདུག
སྤྱིར་བཙན་བྱོལ་བོད་མི་སྤྱི་ཡོངས་ཀྱི་མི་འབར་བརྒྱ་ཆ་༤༠་ཙམ་གྱི་འཚོ་རྟེན་དེ་སོ་ནམ་གཞིས་ཆགས་ཁག་ལ་བརྟེན་ཡོད་པ་ནང་སྲིད་ཁྱབ་ཁོངས་སོ་མཉམ་ཚན་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཞིང་། ད་རེས་ཚོགས་ཆེན་འདིའི་དགོས་དམིགས་གཙོ་བོ་ཞིག་ནི་སོ་ནམ་དང་མཉམ་འབྲེལ་གཉིས་ཀའི་ལས་དོན་ཚ་ཚུད་གཏོང་རྒྱུ་དང་མ་འོངས་པར་ལས་འཆར་སོགས་ཀྱི་ཐོག་ལ་གྲོས་བསྡུར་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་སོང་།
གཞན་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ད་ལྟའི་ཆར་རྒྱ་གར་ནང་ཁྱོན་བསྡོམས་བོད་མིའི་གཞིས་ཆགས་༤༧ ཙམ་ཡོད་པ་དང་། ཉེ་བའི་ཆར་སོ་ནམ་འདེམས་ལས་དང་འབྲེལ་བའི་གཞིས་ཆགས་རེ་ཟུང་ནང་འགྲོ་མགྲོན་འབོར་ཆེན་བཏང་བའི་སྟོན་འབྲས་འདེབས་ལས་ཀྱི་ལས་གཞི་ཁག་ཅིག་ལམ་ལྷུང་བྱུང་མེད་པ་དེ་ནི་འཆར་གཞི་ཡག་པོ་མེད་པ་གསལ་པོ་ཡིན་པས། འབྱུང་འགྱུར་གཞིས་ཆགས་ཁག་ནང་སོ་ནམ་འདེབས་ལས་གང་འདྲ་ཞིག་བྱས་རུང་འཆར་ཞིག་ལྡན་པ་དང་ཕུགས་རྒྱང་གི་དམིགས་ཡུལ་དགོས་གལ་ཆེ་ཞེས་གསུངས་གནང་སོང་།
དེ་སྔོན་སྤྱི་ལོ་༢༠༠༧ལོར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་བློན་ཁྲི་པ་ཡིན་སྐབས་སོ་མཉམ་གྱི་ཚོགས་ཆེན་ཐེངས་༧ པ་དེ་བསྐོང་ཚོགས་གནང་སྟེ་ད་བར་ལོ་ངོ་༡༤ རྗེས། སོ་མཉམ་ཚོགས་ཆེན་ཐེངས་༨ པ་དེ་བསྐོང་ཚོགས་གནང་འདུག་ཅིང་། ད་རེས་ཀྱི་ཚོགས་ཆེན་ཐོག་ས་གནས་འགོ་འཛིན་༡༨་དང་མཉམ་འབྲེལ་དྲུང་ཆེ་༡༥། མཉམ་འབྲེལ་ཚོགས་གཙོ་༡༤ སྤྱི་མཐུན་མཉམ་འབྲེལ་༡ བཅས་ཁྱོན་ཚོགས་བཅར་བ་༤༨ ཆེད་བཅར་ཞུས་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎