རྒྱ་གཞུང་གིས་བོད་མི་ཚོར་བདེ་སྐྱིད་བསྐྲུན་ཐུབ་མེད་ཅེས་སྲིད་སྐྱོང་མཆོག་གིས་གསུངས།

2021.07.01
རྒྱ་གཞུང་གིས་བོད་མི་ཚོར་བདེ་སྐྱིད་བསྐྲུན་ཐུབ་མེད་ཅེས་སྲིད་སྐྱོང་མཆོག་གིས་གསུངས།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ལེགས་སྨོན།

རྒྱ་ནག་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་རྒྱས་པ་ཞིག་སྤྱི་ཟླ་༧ཚེས་༡ཉིན་མོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་རྒྱ་ནག་རྒྱལ་ཡོངས་ཀྱི་ས་གནས་ཆེ་ཁག་ཏུ་བྱེད་བཞིན་པའི་སྐབས་འདིར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བ་དང་།བོད་བཅིངས་གྲོལ་ཟེར་བ་བཏང་ནས་ལོ་བདུན་ཅུ་འཁོར་ཡོད་ཟེར་གྱི་ཡོད་ནའང་།འདས་པའི་ལོ་ངོ་དེ་ཚོའི་རིང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་བདེ་སྐྱིད་བསྐྲུན་ཐུབ་མེད་པ་གསལ་བོ་རེད་ཅེས་གསུངས་ཡོད་པ་རེད།

ཡང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ནས་རྒྱ་ནག་དམར་པོའི་གཞུང་གིས་བོད་ནང་ཐོག་མའི་བཙན་འཛུལ་སྐབས་དྲག་པོའི་ལམ་ནས་བོད་ཀྱི་ཆོས་དང་རིག་གཞུང་གཏོར་བཤིག་བཏང་ཡོད་ཁར་ཕྱིས་སུ་ཡང་༧གོང་ས་མཆོག་གི་སྐུ་པར་ཉར་མི་ཆོག་པ་དང་། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཐོག་ཐེ་བྱུས་ངོས་འཛིན་བྱེད་པ།༧རྒྱལ་བའི་ཡང་སྲིད་ལའང་ཐེ་བྱུས་བྱེད་བཞིན་པ་མ་ཟད།ད་ལྟ་མངོན་སུམ་འཛེམས་མེད་ཀྱིས་བོད་དང་ནང་ཆོས་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་བཤད་བཞིན་པའི་ཐོག ཐབས་ཤེས་གང་དྲག་གིས་བོད་ནང་དམར་ཤོག་གི་ལྟ་བ་སྤེལ་ཐབས་བྱེད་བཞིན་པ་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་བོད་ཀྱི་ཁོར་ཡུག་ཐོག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ནས། རྒྱ་ནག་གཞུང་གིས་འབྲོག་པ་གནས་སྤོས་ལ་ཁག་བཞག་ནས་རྩྭ་ཐང་གཞུང་བཞེས་བཏང་བཞིན་པ་དང་། བོད་ཀྱི་ཆུ་བོ་རྣམས་ལྷོ་ཆུ་བྱང་འདྲེན་གྱི་ལས་འཆར་སྒྲིག་བཞིན་པས། བོད་ཙམ་མ་ཟད་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ལ་དཀའ་ངལ་འཕྲད་ཉེན་ཡོད་པ། གཏེར་ཁ་བསྔོག་འདོན་གྱིས་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་ཐེབས་བཞིན་པ་མ་ཟད། བོད་མི་ཚོས་ཁོར་ཡུག་སྲུང་སྐྱོབ་ཐོག་སྐད་ཆ་བཤད་ཙམ་གྱིས་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པ་འགྲེལ་བརྗོད་གནང་གི་འདུག

རྒྱ་གར་གྱི་དམག་དོན་ཉམས་ཞིབ་པ་(Vinayak Bhat)ཝི་ནཱ་ཡཀ་བྷཏྲི་ལགས་ནས་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་གཞུང་གིས་འཛམ་གླིང་སྤྱི་ལ་རྙོག་ཟིང་རྒྱུན་མར་བསླང་བཞིན་པ་འགྲེལ་བརྗོད་གནང་འདུག

རྒྱ་ནག་གིས་བོད་དང་ཤིན་ཅང་། ནང་སོག་བཅས་བཙན་འཛུལ་དབང་བསྒྱུར་བྱས་ཡོད་པ་མ་ཟད། རྒྱ་གར་ལ་དྭགས་ཀྱི་ཆ་ཤས་ཁག་ཅིག་ཀྱང་བཙན་བཟུང་གིས་སོ་སོའི་མངའ་ཁོངས་ཡིན་པར་ཧམ་བཤད་བྱེད་བཞིན་པ་དང་། རྒྱལ་ཁབ་༤༠ལྷག་གི་མཐའ་མཚམས་ལ་རྙོག་ཟིང་བསླང་བཞིན་པའི་ཁར།  དེང་སང་སྒོར་མོ་བེད་སྤྱོད་ཀྱིས་སོ་སོའི་འདོད་མོས་སྒྲུབ་པར།འཛམ་གླིང་ཡོངས་ལ་མཐའ་མཚམས་ཆབ་སྲིད་ཀྱི་རྙོག་དྲ་བཟོ་བཞིན་པ་འགྲེལ་བརྗོད་གནང་འདུག

རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་ནི།  བོད་དང་རྒྱལ་ཁབ་མང་པོར་ལོ་རྒྱུས་རང་བཞིན་གྱི་ཉི་མ་ནག་པོ་ཞིག་ཡིན་ཁར།  ལོ་འཁོར་བརྒྱའི་རིང་བོད་དང་ཡུལ་ལུང་མང་པོར་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སོགས་རྡོག་རོལ་ཚབས་ཆེན་བཏང་ཡོད་པས། རྒྱ་ནག་གཞུང་ལ་བོད་དོན་བདེན་མཐའ་མ་གསལ་བར་དུ་ལས་འགུལ་སྤེལ་རྒྱུའི་བརྡ་ལན་མཚོན་པར།བོད་རང་བཙན་སློབ་ཕྲུག་ཚོགས་པས་བཞུགས་སྒར་དུ་ངོ་རྒོལ་ལས་འགུལ་ཅིག་ཀྱང་སྤེལ་ཡོད་ཅིང་། རྒྱ་ནག་དམར་ཤོག་ཚོགས་པ་ནི་སྤྱི་ལོ་༡༩༢༡ལོར་ཁྲིན་ཏུ་ཤུ་དང་ལི་ཏ་ཀྲོའོ་སོགས་ནས་བཙུགས་ཏེ།སྤྱི་ལོ་༡༩༤༩ལོར་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་ཡོངས་རྫོགས་ལ་དབང་བསྒྱུར་བྱས་པ་ནས་བཟུང་མི་ལོ་༧༣རིང་མི་གཅིག་དབང་འཛིན་དང་ཚོགས་པ་གཅིག་གིས་སྲིད་དབང་སྒེར་གཅོད་ཀྱི་ལམ་སྲོལ་ལག་བསྟར་བྱེད་བཞིན་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎