སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་ཡོད་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ཚེས་༢༣ ཉིན་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་ཡོད་པ་དང་། དེ་རིང་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ལ་དྭགས་བྱང་ཐང་ཁུལ་གྱི་བོད་མི་རྣམས་ཀྱི་གནས་སྟངས་ལ་གཟིགས་ཞིབ་གནང་བར་ཆེད་ཕེབས་གནང་ཡོད་པ་རེད། དེ་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ཚེས་༢༣་ཉིན་ལ་དྭགས་གླེ་ནང་དུ་ཡོད་པའི་རྒྱལ་ཡོངས་གསོ་བ་རིག་པ་སློབ་གཉེར་ཁང་དུ་འཚམས་གཟིགས་གནང་བ་མ་ཟད། འགོ་ལས་རྣམས་དང་ལྷན་དུ་མཇལ་མོལ་གནང་སྟེ། བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པ་རྒྱུན་འཛིན་སླད་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་གོང་འཕེལ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ལྷག་པར་རྒྱ་གར་ཨ་ཡུཤ་ལྷན་ཁང་ (Ministry of Ayush) ནས་བཀའ་འཁྲོལ་ངོས་འཛིན་ཐོབ་པ་ཞིག་ཡིན་པར་བརྟེན་ནས། ཚང་མས་གོ་སྐབས་བཟུང་ནས་མཉམ་རུབ་ཀྱིས་ནུས་པ་འདོན་སྤེལ་བྱ་དགོས་པའི་སྐོར་སོགས་ལམ་སྟོན་གནང་ཡོད་པ་རེད། དེ་རྗེས་སྲིད་སྐྱོང་མཆོག་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་(LAHDC) ཀྱི་ལས་ཁུངས་སུ་ཆེད་ཕེབས་ཀྱིས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས་ཀྱིས་གཙོས་པའི་འཐུས་མི་ཁག་ཅིག་དང་ལྷན་དུ་མཇལ་མོལ་གནང་བའི་སྐབས། སྲིད་སྐྱོང་མཆོག་གིས་ཉེ་ཆར་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་གཞིས་གྲོང་ཁག་ཏུ་འཚམས་གཟིགས་གནང་སྐབས་བོད་མི་རྣམས་ནས་བདེ་སྡུག་ཇི་ཞུས་ཁག་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ནས་སེལ་ཐབས་ཡོང་བའི་འབོད་སྐུལ་ཞུས་པར་སྡེ་དཔོན་ནས། བོད་མི་རྣམས་ལ་མཐུན་འགྱུར་གང་ཐུབ་གནང་བཞིན་ཡོད་པ་དང་། མུ་མཐུད་ནས་མཐུན་འགྱུར་གནང་རྒྱུའི་ཞལ་བཞེས་གནང་བ་དང་ཆབས་ཅིག་བོད་མི་ཚོའི་ཆེད་དུ་བདེ་དོན་ཡར་རྒྱས་ཀྱི་ལས་གཞི་ཇི་སྤེལ་སྐོར་སྲིད་སྐྱོང་མཆོག་ལ་སྙན་སེང་ཞུས་ཡོད་པ་རེད། ཕྱི་ཚེས་༢༤ཉིན་སྔ་དྲོ་སྲིད་སྐྱོང་མཆོག་ལ་དྭགས་བྱང་ཐང་ཁུལ་གྱི་བོད་མི་རྣམས་ཀྱི་གནས་སྟངས་ལ་གཟིགས་ཞིབ་ཆེད་དུ་ཕེབས་ཐོན་གནང་འདུག།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།