ལིཐུ་ཡེ་ནི་ཡའི་ནང་ཕེབས་པ།
2013.06.15

༄༅༎དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་ཕྱི་ཟླ་ ༦ ཚེས་ ༡༥ ཉིན་གནས་ཚུལ་སྤེལ་བར་གཞིགས་ན། སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་ ལི་ཐུཡེ་ནི་ཡའི་ནང་ཕེབས་འབྱོར་གནང་པ་ཡིན་འདུག། ཁོང་གི་ཕྱག་རོགས་སུ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱེད་པའི་བྱང་ཡོ་རོབ་དང་ཤར་ཡོ་རོབ་ཀྱི་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་ཀྱང་ལྷན་བཅར་ཞུས་འདུག།
ཁོང་རྣམ་ཡུལ་དེའི་རྒྱལ་ས་ Vilnius གྱི་གནམ་ཐང་དུ་ཕེབས་འབྱོར་གནང་སྐབས་ ལི་ཐུཡེ་ནི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་ Dalia Koudyte དང་དེ་མིན་གྱི་འཐུས་མི་ཁག་གཅིག་ཕེབས་བསུར་བཅར་འདུག། ལི་ཐུཡེ་ནི་ཡ་ནི་ཐེངས་རྗེས་མའི་ཡོ་རོབ་མཐུན་ཚོགས་ཀྱི་རེས་མོ་གཙོ་འཛིན་དུ་འཁོར་གྱི་ཡོད་པ་དང་། རེས་མོ་གཙོ་འཛིན་གྱི་ཡུན་ཚད་ཟླ་བ་དྲུག་ཡིན་ཞིང་། སྲིད་སྐྱོང་གི་འཚམས་གཟིགས་འདིའི་ཐོག་ནས་ ལི་ཐུཡེ་ནི་ཡ་ཡོ་རོབ་གཙོ་འཛིན་བྱེད་པ་དེའི་རིང་བོད་དོན་རྒྱབ་སྐྱོར་གྱི་ཚད་གཞི་མཐོ་རུ་གཏོང་ཐབས་སུ་འབོད་བསྐུལ་དང་གྲོས་མོལ་གནང་ཡོད་འདུག།
སྲིད་སྐྱོང་བློ་བཟང་སེངྒེ་ལགས་ལི་ཐུཡེ་ནི་ཡའི་རྒྱལ་སར་ཉིན་གྲངས་གཉིས་བཞུགས་པའི་རིང་གྲོས་ཚོགས་ཀྱི་འཐུས་མི་དང་། ཤེས་ཡོན་ཅན་དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པའི་མི་སྣ་སོགས་དང་མཇལ་འཕྲད་གནང་འདུག་ལ་། གྲོང་ཁྱེར་ Vilnius ནང་ཡོད་པའི་ཡོ་རོབ་སྒྱུ་རྩལ་རིག་གནས་ཀྱི་མཐོ་རིམ་སློབ་གྲྭ་ཟེར་བ་དེའི་ནང་གསུང་བཤད་ཅིག་ཀྱང་གནང་འདུག་ལ། གསར་ཤོག་དང་བརྙན་འཕྲིན་སོགས་བརྒྱུད་ལམ་ཁག་གི་ནང་ཡང་གནས་ཚུལ་བཀོད་སྤེལ་ཤུགས་ཆེ་བྱུང་ཡོད་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་དེའི་ཐོག་གནས་ཚུལ་བཀོད་འདུག།