སྲིད་སྐྱོང་མཆོག་རྒྱ་གར་གྱི་བདེ་སྲུང་སློབ་སྟོན་པ་དང་མཇལ་འཕྲད།
2014.05.16

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་ལ་བོད་དོན་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་འབོད་སྐུལ་ཞུས་འདུག
དེ་ཡང་གནས་ཚུལ་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སྤྱི་ཚེས་༡༣་དང་༡༤་ཉིན་རིང་ལྡི་ལིར་ཕེབས་ནས། རྒྱ་གར་གྱི་བདེ་སྲུང་སློབ་སྟོན་པ་Shiv Shankar Manonམཆོག་དང་མཇལ་འཕྲད་གནང་སྐབས། བདེ་སྲུང་སློབ་སྟོན་པས་བོད་དོན་ཐོག་ཐུགས་འཁུར་ཆེ་བཞེས་དང་རྒྱབ་སྐྱོར་ཤ་ཚ་ཧ་ཅང་ཆེན་པོ་ཡོད་པ་གསུངས་པར་སྲིད་སྐྱོང་གིས་སྤྱིར་དུས་རབས་མང་པོའི་རིང་ནས་འཕགས་བོད་རྒྱལ་ཁབ་གཉིས་འབྲེལ་བ་བཟང་པོ་ཡོད་པ་མ་ཟད། ད་བར་རྒྱ་གར་གཞུང་མང་གཉིས་ཀྱིས་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་རྒྱབ་སྐྱོར་དང་མཐུན་འགྱུར་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག དེ་ནས་སྲིད་སྐྱོང་མཆོག་རྒྱ་གར་དབུས་གཞུང་གི་ཤེས་རིག་བློན་ཆེན་གྱི་ལས་ཁུངས་ལ་ཆེད་ཕེབས་ཀྱིས་རྒྱ་གར་དབུས་གཞུང་གི་བོད་སློབ་འཛིན་ཚོགས་ཀྱིས་འཛིན་སྐྱོང་གནང་བཞིན་པའི་བོད་པའི་གཏན་ཉིན་སློབ་གྲ་ཁག་དབུས་བོད་མིའི་སྒྲིག་འཛུཊ་ཀྱི་ཤེས་རིག་ལས་ཁུངས་ལ་རིམ་བཞིན་རྩིས་སྤྲོད་གནང་གཏན་འཁེལ་ཡོད་པ་ལྟར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་རྒྱ་གར་དབུས་གཞུང་གི་ཤེས་རིག་ལས་ཁུངས་དང་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་བཅས་ལ་བཀའ་བསྡུར་རིམ་པ་ཞུས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་དགོངས་དོན་གཞིར་བཟུང་བོད་སློབ་འཛིན་ཚོགས་ཀྱི་གཏན་ཉིན་སློབ་གྲ་ཁག་རིམ་བཞིན་རྩིས་སྤྲོད་གནང་ཕྱོགས་སྐོར་བཀའ་བསྡུར་ལྷུག་པོ་གནང་ཡོད་པ་རེད་འདུག
གསར་འགོད་པ་བསོད་ནམ་ལྷ་མོ།