སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་དང་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་རྡོར་ལགས་སུ་འོས་ཤོག་མང་ཤོས་ཐོབ་འདུག
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་ཁྲོད་སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་དང་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་རྡོར་ལགས་སུ་འོས་ཤོག་མང་ཤོས་ཐོབ་འདུག
ཕྱི་ཟླ་༡ཚེས་༣ཉིན་འཛམ་གླིང་གི་ཡུལ་གྲུ་གང་སར་བཙན་བྱོལ་བོད་མིའི་༢༠༢༡སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་རྗེས། ད་ཆ་ས་གནས་སོ་སོ་ནས་འོས་བསྡུའི་གྲངས་གཤེར་ཟིན་ཞིང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འོས་བསྡུའི་གྲངས་གཤེར་ཟིན་པ་ལག་ཐོབ་བྱུང་བར་གཞིགས་ན། སྤྱི་འཐུས་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་ལགས་སུ་སྡོམ་འོས་གྲངས་༢༣༦༨༧ (ཉིས་ཁྲི་གསུམ་སྟོང་དྲུག་བརྒྱ་བརྒྱད་ཅུ་གྱ་བདུན)དང་། ཨ་རིའི་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་སྡོམ་འོས་གྲངས་༡༣༧༥༤ (ཆིག་ཁྲི་སུམ་སྟོང་བདུན་བརྒྱ་ལྔ་བཅུ་ང་བཞི) བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་སུ་འོས་གྲངས་༡༣༡༢༦(ཆིག་ཁྲི་སུམ་སྟོང་བརྒྱ་དང་ཉི་ཤུ་རྩ་དྲུག་བཅས་ཐོབ་འདུག་ཅིང་། དབུ་དཀར་ཚང་སྐལ་རྡོར་ལགས་དང་རྒྱ་རི་སྒྲོལ་མ་ལགས་དབར་འོས་གྲངས་༦༢༨ཙམ་གྱི་ཁྱད་པར་ཕྱིན་འདུག
ཡང་ལྡི་ལི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་སུ་འོས་གྲངས་༩༧༤༢(དགུ་སྟོང་བདུན་བརྒྱ་བཞི་ཅུ་ཞེ་གཉིས་)ཐོབ་ཡོད་པ་རེད།
དབུས་འོས་བསྡུ་ལས་ཁང་གི་སྒྲིག་གཞི་ནང་གསལ་ལྟར་ན། སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་ཁྲོད་ནས་འོས་ཤོག་མང་ཤོས་ཐོབ་མཁན་གྱི་འོས་མི་གཉིས་དངོས་གཞིའི་འོས་བསྡུའི་ནང་སླེབས་ཀྱི་ཡོད་པ་རེད།
འོས་ཐོབ་གྲངས་འབོར་འདི་དག་ནི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་འོས་བསྡུའི་ལས་བྱེད་ཁག་ཅིག་གིས་མཁོ་སྤྲོད་བྱུང་བ་ཡིན་ཞིང་། དེར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ངོས་ནས་ཞིབ་འཇུག་ནན་པོ་ཞུས་ཡོད། འོན་ཀྱང་གཞུང་འབྲེལ་གྱི་ཐོག་ནས་མཐའ་མའི་འོས་བསྡུའི་གྲུབ་འབྲས་ཁག་དབུས་འོས་བསྡུ་ལྷན་ཁང་གིས་གསལ་བསྒྲགས་གནང་གི་རེད།
༢༠༢༡ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་དེ་ཕྱི་ཟླ་བཞི་པའི་ཚེས་༡༡གཟའ་ཉི་མའི་ཉིན་གཉེར་རྒྱུ་དང་། ཕྱི་ཟླ་ལྔ་པའི་ཚེས་༡༤ཉིན་འདེམས་ཐོན་སྲིད་སྐྱོང་དང་སྤྱི་འཐུས་དབུས་འོས་བསྡུ་ལྷན་ཁང་ནས་གསལ་བསྒྲགས་གནང་གཏན་འཁེལ་འདུག