སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་དང་མཇལ་མོལ།
2020.02.13
ཨ་རིའི་གྲོས་ཚོགས་འོག་མས་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་གྲོས་ཆོད་བཞག་གནང་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་ལ་ཐུགས་རྗེ་ཆེ་ཞུས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཕེབས་འབྱོར་གྱིས། འདི་ཚེས་༡༢་ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་ཆེན་མོ་སྐུ་ཞབས་(Sam Brownback)་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། དེའི་རྗེས་ཨ་རིའི་གྲོས་ཚོགས་སུ་ཕེབས་ནས་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་(Nancy Pelosi)་མཆོག་དང་མཇལ་མོལ་གནང་ནས། ལྕམ་ནན་སེ་(Nancy Pelosi)་མཆོག་ནི་དུས་ཡུན་རིང་པོའི་ནང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་དང་། དམིགས་བསལ་ད་རེས་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཕྱི་ལོ་༢༠༢༠་ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་བཏོན་སྐབས་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག
དེ་དང་འབྲེལ་འདི་ལོ་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ཁུལ་དུ་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༥་ཕེབས་པའི་སྐུའི་འཁྲུངས་སྐར་མཛད་སྒོར་ལྕམ་ནན་སེ་(Nancy Pelosi)་མཆོག་ཕེབས་རྒྱུར་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་མགྲོན་འབོད་ཞུས་པ་བཞིན་ཞལ་བཞེས་གནང་ཡོད་འདུག
དེ་བཞིན་སྲིད་སྐྱོང་མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim Clyburn)་དང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Bob Casey)་མཆོག་དང་མཇལ་འཕྲད་ཀྱིས་ཁོང་རྣམ་པ་གཉིས་ཀྱིས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་ཡོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པར་ཐུགས་རྗེ་ཆེ་ཞེས་ཞུས་ཡོད་པ་རེད།
གཞན་ཡང་སྲིད་སྐྱོང་མཆོག་གིས་ཨ་རིའི་ཕྱི་སྲིད་ལས་ཁང་གི་ལྷོ་དབུས་ཨེ་ཤེ་ཡའི་དྲུང་ཆེ་ལས་རོགས་ཀྱི་ལས་ཚབ་ལྕམ་(Alice wells)་དང་མཇལ་འཕྲད་གནང་བའི་སྐབས། རྒྱ་ནག་གཞུང་གིས་བལ་ཡུལ་ནང་ཤུགས་རྐྱེན་ཆེན་པོ་བཟོ་བཞིན་པའི་རྐྱེན་གྱིས་བལ་ཡུལ་ནང་གི་བཙན་བྱོལ་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་པའི་སྐོར་གླེང་གནང་ཡོད་འདུག