སྲིད་སྐྱོང་ཀྲའོ་རོན་ཀྲོའི་གཙུག་ལག་སློབ་གྲྭ་ཆེན་མོར་ཕེབས་སྐབས་རྒྱ་རིགས་སློབ་མས་ངོ་རྒོལ།
2018.11.20

ཁེ་ན་ཌའི་གྲོང་ཁྱེར་ཀྲའོ་རོན་ཀྲོའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལཊ་ཀྱིས་གཏམ་བཤད་གནང་སྐབས་རྒྱ་རིགས་སློབ་མ་ཁག་ཅིག་གིས་ངོ་རྒོལ་བྱས་འདུག
དེ་ཡང་ཟླ་༡༡ པའི་ཚེས་༡༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་ཁེ་ན་ཌའི་ཀྲའོ་རོན་ཀྲོའི་གཙུག་ལག་སློབ་གཉེར་ཁང་དུ་ཆབ་སྲིད་ཚོགས་པ་མེད་པ་དང་། རྒྱལ་སྤྱི་ལ་ཁྱབ་པའི་བོད་ཀྱི་མང་གཙོ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས་གཙུག་ལག་སློབ་གཉེར་ཁང་དེའི་ཚོགས་ཁང་ཆེན་མོའི་ཕྱི་ཕྱོགས་སུ་རྒྱ་རིགས་སློབ་མ་ཁག་ཅིག་གིས་ལག་ཏུ་རྒྱ་ནག་གི་སྐར་མ་ལྔ་ཅན་གྱི་རྒྱལ་དར་འཕྱར་ནས་རྒྱ་གཞས་བཏང་བའི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག དེ་ག་ནང་བཞིན་ཡང་ངོ་རྒོལ་གྱི་ལས་འགུལ་བརྒྱུད་རིམ་ནང་སློབ་མ་དེ་དག་གིས་ཡིག་ཆ་ཁག་ཅིག་འགྲེམས་སྤེལ་བྱས་ཡོད་པ་དང་། ཡིག་ཆའི་ནང་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་བཅིངས་འགྲོལ་བཏང་བའི་རྗེས་སུ་བོད་ནང་དུ་དམར་མཆོད་བཀག་འགོག་བྱས་པ་མ་ཟད། བོད་མི་རྣམས་བྲན་གཡོག་ལམ་ལུགས་དང་། དབུལ་ཕོངས་ཀྱི་ལམ་ལུགས་ནས་སྐྱབས་པ་སོགས་འཁོད་ཡོད་པ་རེད། ཡང་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པའི་བརྙན་ཐུང་ཞིག་དྲ་ཐོག་ཏུ་ཁྱབ་སྤེལ་བྱས་ཡོད་པའི་ནང་དེར་ངོ་རྒོལ་དུ་ཡོང་མཁན་རྒྱ་རིགས་སློབ་མ་ཚོས་སློབ་གཉེར་ཁང་དེས་རྒྱ་ནག་རྒྱལ་ཁབ་ཁ་བྲལ་དུ་གཏོང་ཐབས་བྱེད་མཁན་བཙན་བྱོལ་གཞུང་ཞེས་པའི་མི་སྣ་དེ་གར་ཡོང་དུ་བཅུག་པར་ངོ་རྒོལ་བྱེད་དུ་ཡོང་བའི་སྐོར་དང་། བོད་མི་རྣམས་ཀྱིས་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨེ་སི་སི་དང་འདྲ་བའི་བྱ་སྤྱོད་ཀྱི་ལས་འགུལ་སྤེལ་གྱི་ཡོད་ལུགས་སོགས་བརྗོད་ཡོད་པ་རེད། སཝའི་ཐད་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་གིས་འདི་ག་རླུང་འཕྲིན་ཁང་ལ་གསུང་ན། རྒྱ་རིགས་ངོ་རྒོལ་ལས་འགུལ་བ་སློབ་ཕྲུག་གསུམ་ཚོགས་ཁང་ནང་སྐད་བཏང་ནས་སྲིད་སྐྱོང་མཆོག་ལ་གནད་དོན་ཁག་ཅིག་ཐོག་དྲི་བ་གཏོང་བའི་གོ་སྐབས་སྤྲད་ནས། སྲིད་སྐྱོང་མཆོག་གིས་རྒྱ་རིགས་སློབ་ཕྲུག་དེ་རྣམས་ལ་གསལ་བཤད་གནང་བའི་རྗེས་རྒྱ་རིགས་སློབ་ཕྲུག་དེ་རྣམས་ཀྱིས་རྣམ་པ་འགྱུར་བ་ཕྱིན་ཡོད་ལུགས་གསུངས་བྱུང་།
རྩ་བའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་སུ་འདྲ་ཞིག་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་དོན་དང་འབྲེལ་བའི་གཏམ་བཤད་གང་འདྲ་ཞིག་སྤེལ་གནང་བ་ཡིན་ནའང་རྒྱ་ནག་གཞུང་གིས་བཀོད་སྒྲིག་འོག་ས་གནས་ཁག་ཏུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁག་ནས་བརྒྱུད་སྐུལ་གྱིས་དེ་ཁུལ་དུ་ཡོད་པའི་གཙུག་ལག་སློབ་གྲ་ཆེན་མོ་ཁག་ནང་རྒྱ་ནག་ནས་ཡོང་བའི་རྒྱ་རིགས་སློབ་ཕྲུག་ཁག་དང་། དེ་བཞིན་རྒྱ་རིགས་མང་ཚོགས་ཁག་ཅིག་ལ་འགྲོ་གྲོན་བཏང་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་དུ་བཅུག་གི་ཡོད་པ་ཡོངས་བསྒྲགས་ཞིག་ཡིན་པ་མང་པོས་ངོས་འཛིན་གནང་གི་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོན།