སྲིད་སྐྱོང་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་གཞི་དང་མཐུན་པར་ཧུར་ཐག་བྱ་དགོས་པའི་འབོད་སྐུལ་གནང་འདུག

2023.11.25
སྲིད་སྐྱོང་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་གཞི་དང་མཐུན་པར་ཧུར་ཐག་བྱ་དགོས་པའི་འབོད་སྐུལ་གནང་འདུག མི་ནི་སོ་ཊ་ས་གནས་མང་ཚོགས་ལ་གསུང་བཤད་ཀྱི་མཛད་སྒོའི་སྐབས།
མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་ངོ་དེབ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ཟླ་ ༡༡ ཚེས་ ༢༤ རེས་གཟའ་པ་སངས་ཉིན་གྱི་དགོང་མོ་ཁེ་ན་ཌ་ནས་ཨ་མི་རི་ཀའི་མི་ནི་སོ་ཊ་ས་གནས་སུ་ཕེབས་འབྱོར་བྱུང་ཡོད་ཅིང་།  བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཀུན་དགའ་ཉི་མ་ལགས་ཀྱིས་གཙོས་ཚོགས་སྐྱིད་ཁག་གི་རྒྱུན་ལས་རྣམ་པ་དང་། ས་གནས་མི་མང་རྣམས་ཀྱིས་གནམ་ཐང་དུ་ཕེབས་བསུ་ཞུས་པ་དང་། ཕྱི་དྲོ་ཚོུད་ལྔ་པར་ས་གནས་བོད་མི་བརྒྱ་ཕྲག་ཁ་ཤས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་འདུ་འཛོམས་བྱུང་པ་རྣམས་ལ་སྲིད་སྐྱོང་མཆོག་གིས་བཀའ་ཤག་སྐབས་ ༡༦ པའི་སྲིད་བྱུས་དང་ལས་དོན་ཇི་གནང་ཐད་གསུང་བཤད་གནང་ཡོད་པ་རེད།  སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་པའི་ནང་།  ཉེ་ཆར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཆེད་དུ་ལས་དོན་སྙན་གསེང་ཞུ་བར་བཅར་རྒྱུ་བྱུང་བ་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་གསལ་ཐང་ཡིན་པ་སོགས་ངོ་སྤྲོད་གནང་འདུག ལྷག་དོན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་རྒྱུའི་ཞལ་བཞེས་སྨིན་རྩོལ་བྱུང་ཡོད་ཀྱང་གཙོ་བོ་ནི་བོད་མི་རྣམས་ཀྱི་བསོད་ནམས་དང་ལས་དོན་བྱེད་ཕྱོགས་ལའང་རགས་ལུས་ཡོད་པས་ཚང་མས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པར་ཧུར་ཐག་འབད་བརྩོན་བྱ་དགོས་པའི་འབོད་སྐུལ་གནང་འདུག

405814026_661336832850007_4922474474413948995_n.jpg

སྲིད་སྐྱོང་མཆོག་གིས་ད་དུང་བོད་མིའི་སྒྲིག་འཛུགས་ཀྱི་འཆར་གཞི་དང་།  བཀའ་ཤག་གི་སྲིད་བྱུས་དང་ལས་དོན་སྐོར་ལ་གསུང་བཤད་གནང་ཡོད་ཅིང་།  མང་ཚོགས་ཀྱི་དྲི་བ་ཁག་ལ་བཀའ་ལན་གསལ་བཤད་གནང་སྟེ་དགོང་མོ་ཆུ་ཚོད་ ༣ ལྷག་ཙམ་རིང་གསུང་བཤད་དང་དྲི་བར་བཀའ་ལན་གནང་འདུག  ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་མཛད་རིམ་སྔོན་སྒྲིག་ལྟར་ན། ཕྱི་ཟླ་༡༡ ཚེས་ ༢༥ རེས་གཟའ་སྤེན་པའི་ཉིན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་སྲིད་སྐྱོང་མཆོག་དང་ལྷན་དུ་མང་ཚོགས་ལ་གསོལ་ཚིགས་ཞུ་རྒྱུའི་གསལ་སྟོན་ཞིག་ཀྱང་གོ་སྒྲིག་ཞུས་ཡོད་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དེང་སྐབས་བྱང་ཨ་མི་རི་ཀའི་ནང་འཚམས་གཟིགས་གནང་བཞིན་པའི་ཁྲོད་ཁེ་ཎ་ཌར་ཕྱོགས་ཕེབས་གནང་བའི་རིང་སྟེ་ཕྱི་ཟླ་ ༡༡ ཚེས་ ༢༠ ནས་ཉིན་བཞིའི་རིང་ཁྱོན་ཁེ་ཎ་ཌའི་གྲོས་ཚོགས་ཀྱི་འཐུས་མི་ ༣༢ དང་ཕྱི་སྲིད་ལས་ཁུངས་ཀྱི་ཆབ་སྲིད་སྡེ་ཚན་གྱི་མི་སྣ།  ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་རྒྱལ་སྤྱིའི་ཡར་རྒྱས་ཚན་པའི་གནད་ཡོད་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་རྒྱ་ནག་གཞུང་གིས་སྡུག་རྩུབ་སྲིད་བྱུས་འོག་བོད་པའི་ཆོས་དང་རིག་གཞུང་རྩ་མེད་གཏོང་བཞིན་པའི་གནས་སྟངས་ཁག་གསལ་བཤད་ནན་བརྗོད་གནང་བ་དང་སྦྲགས།  ཁེ་ཎ་ཌའི་གཞུང་གིས་བོད་དོན་ཐོག་ལ་ཨ་རི་དང་གཅིག་འགྱུར་གྱི་སྲིད་བྱུས་འཛིན་དགོས་པའི་རེ་འདུན་གནང་པར།  འབྲེལ་ཡོད་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཐབས་བྱུས་དང་འབྲེལ་བའི་བཀའ་བསྡུར་ལྷུག་པོ་བྱུང་པ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།

404047162_738723924948511_7947698857666595767_n.jpg

ཕྱི་ཟླ་༡༡ཚེས་༢༢ ཉིན་ཁེ་ཎ་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྲིད་སྐྱོང་མཆོག་ལ་ཕེབས་བསུའི་ཆེ་བསྟོད་ཀྱི་སྣེ་ལེན་གྱི་མཛད་སྒོ་ཞིག་གོ་སྒྲིག་ཞུས་ཡོད་པ་དེར། ཁེ་ཎ་ཌའི་གཞུང་གི་བློན་ཆེན་བཞིས་གཙོས་པའི་གྲོས་ཚོགས་ཀྱི་འཐུས་མི་ ༢༦ མཉམ་ཞུགས་གནང་ཡོད་པ་ཚོར་མཇལ་མོལ་དང་གསུང་བཤད་གནང་ཡོད་ཅིང་།   ཕྱོགས་མཚུངས་ཕྱི་ཟླ་ ༡༡ ཚེས་ ༢༢ ཉིན་ཁེ་ཎ་ཌའི་གྲོས་ཚོགས་སུ་ཕེབས་པར་གཞུང་འབྲེལ་གྱི་ཐོག་ནས་གྲོས་ཚོགས་འཐུས་མི་ James Maloney  ལགས་ཀྱིས་གྲོས་ཚོགས་ཀྱི་ཚོགས་གཙོ་   Greg Fergus   དབུ་བཞུགས་སར་བོད་མིའི་མང་གཙོའི་ལམ་ནས་བདམས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་ལ་དགའ་བསུ་ཡོད་པ་གསུངས་ཤིང་།  སྲིད་སྐྱོང་མཆོག་གི་ཕྱག་ལས་ཧུར་ཐག་གནང་བཞིན་པར་ལེགས་གསོལ་དང་ཁོང་གིས་ངོས་ནས་བོད་མི་ཚོར་རྒྱབ་སྐྱོར་གྱི་འདུན་པ་བརྟན་པོ་ཡོད་པ་གསུངས་འདུག

གསར་འགོད་པ། གཡུ་སྒྲོན།

རྩོམ་སྒྲིག་པ་དང་དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎