དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལྷོ་ཨ་ཧྥེ་རི་ཀར་ཕྱོགས་ཕེབས།
2019.02.06
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལྷོ་ཨ་ཧྥེ་རི་ཀའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག
ད་ལེན་སྲིད་སྐྱོང་གི་གཞུང་འབྲེལ་གཟིགས་སྐོར་དེ་གཙོ་བོ་ཕྱི་ཚེས་༧ཉིན་ལྷོ་ཨ་ཧྥེ་རི་ཀའི་གྲོས་ཚོགས་དབུ་འབྱེད་གཏམ་བཤད་མཛད་སྒོ་ཐོག་ཡུལ་དེའི་དམངས་གཙོ་ཚོགས་པའི་སྐུ་མགྲོན་དུ་གདན་ཞུ་གནང་བ་ཞིག་ཡིན་པ་དང་། དེ་མིན་ཡུལ་དེའི་སྲིད་འཛིན་ཟུར་པ་མཇལ་འཕྲད་ཀྱི་མཛད་འཆར་སོགས་ཀྱང་ཡོད་པ་ལྷོ་ཨ་ཧྥེ་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད།
ཁོང་གིས་སྲིད་སྐྱོང་མཆོག་ལྷོ་ཨ་ཧྥེ་རི་ཀའི་ནང་གཞུང་འབྲེལ་གཟིགས་སྐོར་ཐེངས་གཉིས་པ་དེ་ཕྱི་ཟླ་༢པའི་ཚེས་༥ཉིན་ནས་༩བར་ཡིན་པ་དང་། དུས་ཚོད་དེའི་རིང་དེ་སྔོན་གྱི་སྲིད་འཛིན་ཟུར་བ་(De Klerk)དང་མཇད་འཕྲད་གནང་རྒྱུ་དང་། གཞན་ཡང་ཆབ་སྲིད་ཚོགས་པ་འགའ་ཤས་ཀྱི་གྲོས་ཚོགས་འཐུས་མི་ཁག་དང་གཙུག་ལག་སློབ་གྲ་ཆེན་མོའི་ཤེས་ཡོན་མི་སྣ། གསར་འགོད་པ། དེ་བཞིན་བོད་ཀྱི་གྲོགས་པོ་བཅས་དང་འབྲེལ་ལམ་གསར་འཛུགས་སོགས་ཀྱི་ཆེད་དུ་རེད་ཅེས་བརྗོད་ཡོད།
དེ་ཡང་སྲིད་སྐྱོང་མཆོག་གིས་སྐུ་ཉིད་ལྷོ་ཨ་ཧྥེ་རི་ཀའི་ནང་ཐེངས་གཉིས་པ་ཕེབས་ཐུབ་པ་དེ་གཟི་བརྗིད་ལྡན་པ་དང་དགའ་ཚོར་ཆེན་པོ་སྐྱེས་བྱུང་། ལུང་པ་དེ་ནི་བོད་མི་ས་ཡ་དྲུག་ལ་འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོ། རང་དབང་གི་དོན་འཚེ་མེད་ཞི་བའི་ལམ་ནས་མུ་མཐུད་འཐབ་བརྩོད་གནང་རྒྱུ་ལ་སེམས་སྐུལ་གནང་མཁན་ཞིག་རེད་ཅེས་བརྗོད་འདུག
སྲིད་སྐྱོང་མཆོག་ལྷོ་ཨ་ཧྥེ་རི་ཀའི་ནང་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་དང་པོ་དེ་སྤྱི་ལོ་༢༠༡༨ལོར་སྤྱི་ཟླ་༢པའི་ནང་གནང་སྐབས་སུ། གྲོང་ཁྱེར་དེའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་མཐོ་སློབ་ཀྱི་རིགས་བདག་(Chancellor)བརྒྱུད་སྲིད་སྐྱོང་མཆོག་མཐོ་སློབ་ཏུ་ཕེབས་རྒྱུར་འགོག་རྐྱེན་བཟོ་ཆེད་ཐབས་ཤེས་སྣ་ཚོགས་བྱས་ཀྱང་འགན་འཛིན་ (Dean) མཆོག་གིས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྩི་འཇོག་རྩ་བ་ནས་མ་གནང་བར་ཡུལ་དེའི་རྩ་ཁྲིམས་ནང་གསལ་མང་གཙོ་དང་འདྲ་མཉམ། རང་དབང་། དྲང་བདེན་གྱི་རིན་ཐང་སྲུང་སྐྱོབ་ཀྱིས་སྲིད་སྐྱོང་མགྲོན་འབོད་ཞུས་པ་ཙམ་མ་ཟད། དགེ་ལས་སློབ་ཕྲུག་ཁག་ཅིག་ལ་གསུང་བཤད་གནང་རྒྱུའི་གོ་སྐབས་ཡང་ཕུལ་ཡོད་པ་རེད།