རྡ་ས་གངས་སྐྱིད་དུ་རྒྱ་གར་གྲོས་ཚོགས་འོག་མའི་དངུལ་རྩིས་ཚོད་དཔག་ཚོགས་ཆུང་གི་སྐུ་ཚབ་ཚོགས་པ་གཟིགས་སྐོར་དུ་ཕེབས་འདུག

2021.09.25
རྡ་ས་གངས་སྐྱིད་དུ་རྒྱ་གར་གྲོས་ཚོགས་འོག་མའི་དངུལ་རྩིས་ཚོད་དཔག་ཚོགས་ཆུང་གི་སྐུ་ཚབ་ཚོགས་པ་གཟིགས་སྐོར་དུ་ཕེབས་འདུག རྒྱ་གར་གྲོས་ཚོགས་འོག་མའི་དངུལ་རྩིས་ཚོད་དཔག་ཚོགས་ཆུང་གི་སྐུ་ཚབ་ཚོགས་པར་སྣེ་ལེན་ཞུས་གནང་བ།
བོད་མིའི་སྒྲིག་འཛུགས།

རེས་གཟའ་པ་སངས་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་རྡ་ས་གངས་སྐྱིད་དུ་རྒྱ་གར་གྲོས་ཚོགས་འོག་མའི་དངུལ་རྩིས་ཚོད་དཔག་ཚོགས་ཆུང་གི་སྐུ་ཚབ་ཚོགས་པ་གཟིགས་སྐོར་དུ་ཕེབས་འབྱོར་གནང་འདུག་པ་དང་། སྲིད་སྐྱོང་མཆོག་ནས་བཀའ་བཤག་ཚོགས་ཁང་དུ་རྒྱ་གར་གྱི་སྐུ་མགྲོན་རྣམ་པར་ཕེབས་བསུའི་སྣེ་ལེན་ཞུས་གནང་བ་དང་སྤྱི་འཐུས་ལྷན་ཁང་དུ་གཟིགས་བསྐོར་ལ་གདན་ཞུ་གནང་ཡོད་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཕྱི་ཟླ་༩ཚེས་༢༤ཉིན་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་P.P.Chaudharyལགས་ཀྱིས་སྣེ་ཁྲིད་གནང་པའི་འཐུས་མི་༨ལས་གྲུབ་པའི་རྒྱ་གར་གྲོས་ཚོགས་འོག་མའི་ཚོད་དཔག་ཚོགས་ཆུང་གི་སྐུ་ཚབ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྡ་ས་གངས་ཅན་སྐྱིད་གཤོངས་སུ་འཚམས་གཟིགས་སུ་ཕེབས་ཡོད་ཅིང་སྲིད་སྐྱོང་ཚོགས་ཁང་ནང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྲོས་ཚོགས་འོག་མའི་ཚོད་དཔག་ཚོགས་ཆུང་གི་འཐུས་མིའི་སྐུ་ཚབ་རྣམ་པ་བཞུགས་སྒར་རྡ་སར་ཕེབས་པར་དགའ་བསུ་ཞུས་གནང་སྟེ་འདས་པའི་ལོ་རྒྱུས་ནང་བོད་མིར་ཉག་ཕྲའི་དཀའ་ངལ་འཕྲད་བཞིན་པའི་སྐབས་དང་ལྷག་པར་རྒྱ་གར་ནང་བོད་མི་བཙན་བྱོལ་དུ་འབྱོར་བ་ནས་ད་བར་རྒྱ་གར་གཞུང་མང་གཉིས་ནས་བོད་མིར་སྡོད་གནས་སོགས་ཀྱི་མཐུན་འགྱུར་རྒྱ་ཆེ་གནང་ཡོད་པ་བཅས་ལ་ཐུགས་རྗེ་ཆེ་ཞུས་ཞིང་གྲོས་ཚོགས་འཐུས་མི་རྣམ་པར་ལེགས་གསོལ་ཕྱག་རྟགས་ཕུལ་ཡོད་པ་རེད། རྒྱ་གར་གྲོས་ཚོགས་འོག་མའི་སྐུ་ཚབ་ཚོགས་པ་སྣེ་འཁྲིད་གནང་མཁན་སྐུ་ཞབ་P.P.Chaudharyཡིས་རྒྱ་གར་དང་བོད་གཉིས་ལོ་རྒྱུས་ཐོག་ཆོས་དང་རིག་གཞུང་གང་གི་ཐད་ནས་འབྲེལ་བ་གཏིང་གཟབ་ཡོད་པ་དང་། རྒྱ་གར་གཞུང་དམངས་གཉིས་ནས་བཙན་བྱོད་བོད་མིའི་སྤྱི་ཚོགས་ལ་རོགས་ཕན་གང་ཐུབ་གནང་པ་ནི་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བརྗེའི་བྱིན་རླབས་དང་། ༧གོང་ས་མཆོག་གི་འཚེ་མེད་ཞི་བ་དང་བྱམས་བརྩེའི་མཛད་འཕྲིན་ལས་བྱུང་བ་ཞིག་ཡིན་པ་གསལ་བཏོན་གནང་བཞག གཞུང་འབྲེལ་སྣེ་ལེན་མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པས་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་གནང་འདུག
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎