སྲིད་སྐྱོང་གི་དངོས་གཞིའི་འོས་མི་སྤེན་པ་ཚེ་རིང་ལགས་ཀྱིས་འོས་བསྡུའི་དྲིལ་བསྒྲགས་ལས་དོན་འགོ་འཛུགས་གནང་།
སྲིད་སྐྱོང་གི་དངོས་གཞིའི་འོས་མི་སྤེན་པ་ཚེ་རིང་ལགས་ཀྱིས་བོད་ཀྱི་རྩ་དོན་ཆེད་དུ་ནུས་པ་མཉམ་སྤུངས་བྱ་རྒྱུའི་གདེང་ཆ་བསྐྲུན་ཏེ་བོད་དོན་ལས་འགུལ་རྒྱ་ཆེར་སྤེལ་རྒྱུའི་འཆར་གཞི་ཡོད་པ་གསུངས་ནས་འོས་བསྡུའི་དྲིལ་བསྒྲགས་ལས་དོན་འགོ་འཛུགས་གནང་སོང་།
སྤྱི་ཟླ་༣པའི་ཚེས་༢༡རེས་གཟའ་ཉི་མའི་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་༢༠༢༡ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་ལས་རིམ་དངོས་སུ་འགོ་འཛུགས་བྱས་ཡོད་པ་དང་། དབུས་འོས་བསྡུ་ལས་ཁང་གིས། ཨ་རིའི་དོན་ཟུར་སྤེན་པ་ཚེ་རིང་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་རྣམ་གཉིས་༢༠༢༡ལོའི་སྲིད་སྐྱོང་གི་དངོས་གཞིའི་འོས་མི་ཡིན་པ་དངོས་སུ་གསལ་བསྒྲགས་གནང་ཡོད་པ་རེད།
དེ་བཞིན་ཟླ་བ་འདིའི་ཚེས་༢༢ཉིན། སྲིད་སྐྱོང་འོས་མི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་ནས་ངོ་དེབ་དྲ་རྒྱ་བརྒྱུད། ཁོང་གི་སྲིད་སྐྱོང་འོས་བསྡུའི་བསྒྲགས་གཏམ་སྤེལ་གནང་སྐབས། ཁོང་གིས་བོད་ནང་གི་བོད་མིའི་རེ་བ་དེ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས། དེ་བཞིན་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་བཙན་བྱོལ་བ་ཚོར་བཅོལ་ཡོད་པ་དང་། བོད་མི་ཡོད་དོ་ཅོག་ནས་བོད་སྤྱི་པའི་རྩ་དོན་གྱི་ཐོག་ནུས་མཉམ་སྤུངས་བྱ་རྒྱུའི་གདེང་ཆ་བསྐྲུན་ཏེ་བོད་དོན་ལས་འགུལ་རྒྱ་ཆེ་སྤེལ་རྒྱུའི་འཆར་གཞི་ཡོད་སྐོར་གསུང་གནང་སོང་། གཞན་ཡང་ཁོང་གིས། དེང་སྐབས་བོད་ནང་གི་གནས་སྟངས་ཛ་དྲག་ཆེ་ཤོས་དེ་ནི་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་འགྲོ་ཉེན་ཡོད་པ་དེ་ཡིན་པར་སོང་། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་ནི་གནད་དོན་གལ་ཆེ་ཤོས་དེ་ཡིན་པ་གསུང་གནང་སོང་།
འདི་གའི་གསར་འགོད་པས་ཁོང་ལ་བཀའ་འདྲི་ཁག་ཅིག་ཞུས་སྐབས། གལ་ཏེ། ཁོང་སྲིད་སྐྱོང་ལ་འདེམས་པ་ཡིན་ན། ལྷན་ཁང་ཁག་གི་གནས་སྟངས་རྒྱུས་ལོན་གྱིས་བཀའ་བློན་འདེམས་སྒྲུག་གནང་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྡེ་ཚན་ཁག་ཕན་ཚུན་བར་འབྲེལ་ལམ་འཇོག་ཕྱོགས་ཀྱི་ཐད་བཀའ་བསྡུར་གནང་རྒྱུ་ཡིན་པ་གསུང་གནང་གི་འདུག
ཡང་ཁོང་གིས། ཐོག་མར་སྔོན་འགྲོའི་འོས་བསྡུའི་སྐབས་ཁས་ལེན་ཞུས་པ་གཞིར་བཟུང་། ནད་ཡམས་ཀྱི་རྐྱེན་ས་གནས་ཁག་ལ་ཕྱོགས་བསྐྱོད་དྲིལ་བསྒྲགས་གནང་རྒྱུ་མིན་པ་སོགས་ཀྱི་ཁས་ལེན་ཞུས་པ་ལྟར་ཕྱོགས་བསྐྱོད་གནང་རྒྱུ་མིན་ཡང་། ཁོང་ལ་མང་ཚོགས་ནས་སྲིད་སྐྱོང་གི་འགན་བཀོལ་བའི་མཚམས་སུ་ས་གནས་ཁག་ཏུ་ངོ་བཅར་གྱིས་མི་མང་གི་བདེ་སྡུག་གསན་བཞེས་གནང་རྒྱུ་ཡིན་པ་གསུང་གནང་གི་འདུག
སྲིད་སྐྱོང་གི་དངོས་གཞིའི་འོས་མི་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱི་འོས་བསྡུའི་བསྒྲགས་གཏམ་དེའི་ནང་། སྤྱི་སྙོམས་དྲང་བདེན་དང་། ནུས་པ་མཉམ་སྤུངས་དེ་བཞིན་གོམས་པ་མདུན་སྤོས་བཅས་གཞི་རྩའི་ལྟ་གྲུབ་གསུམ་གྱི་སྒོ་ནས་ཕྱག་ལས་གནང་རྒྱུ་ཡིན་པ་དང་། བོད་ཀྱི་རྩ་དོན་གྲུབ་ཐབས་ལ་སོགས་པའི་བརྗོད་གཞི་བྱེ་བྲག་པ་ཁག་༡༢ཐོག་འཛིན་སྐྱོང་གི་འགན་འཁུར་བཞེས་གནང་ཕྱོགས་སྐོར་ཡིག་ཐོག་ནས་བཀོད་གནང་འདུག་ལ། དེ་མིན་ཁོང་གིས་འདི་ཚེས་༢༣ཉིན་ནས་ཉིན་གྲངས་༡༢རིང་བོད་དོན་དང་འབྲེལ་བའི་བརྗོད་གཞི་བྱེ་བྲག་པ་ཁག་བརྒྱད་གི་ཐོག་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་པའི་མང་ཚོགས་ལ་ངོ་དེབ་དྲ་ལམ་བརྒྱུད་བགྲོ་གླེང་གནང་རྒྱུའི་ལས་རིམ་བང་སྒྲིག་གནང་འདུག
སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལགས་ཀྱིས། ལོ་མང་རིང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གནང་བ་དང་། དེ་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་གནང་མྱོང་བ་མ་ཟད། བོད་ཀྱི་གྲོས་ཚོགས་ཀྱི་སྲིད་བྱུས་ཉམས་ཁང་གི་འགན་འཛིན་བཅས་གནང་མྱོང་ཡོད་པ་རེད།