བོད་མི་ཞི་རྒོལ་བ་ཚོ་དང་ང་ཚོ་ལག་སྦྲེལ་རྩ་བ་ནས་མེད།


2016.06.09
མདོ་ལྷོ་བསང་ཆུ་ཨ་མཆོག་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་གསལ་བསྒྲགས་ཡིག་ཆ། ༢༠༡༦།༦།༣ མདོ་ལྷོ་བསང་ཆུ་ཨ་མཆོག་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་གསལ་བསྒྲགས་ཡིག་ཆ། ༢༠༡༦།༦།༣
བོད་འབྱོར།

ཨ་མཆོག་གི་ཞི་རྒོལ་ནི་རྒྱ་ནག་གི་ཁྲིམས་དང་མཐུན་པ་དང་བོད་མིའི་སྒྲིག་འཛུགས་དང་ལག་སྦྲེལ་མེད་སྐོར་སྲིད་སྐྱོང་གིས་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཉེ་ཆར་བོད་ཀྱི་མི་ཉག་ཕྱོགས་དང་། ཁ་ཉིན་ཨ་མཆོག་ནང་རྒྱ་མིས་གཏེར་ཁ་སྔོག་འདོན་བྱས་པར་ས་གནས་བོད་མིས་ཞི་རྒོལ་གནང་བ་དང་། ཨ་མཆོག་གི་ཞི་རྒོལ་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཐེ་བྱུས་ཡོད་ཚུལ་ས་གནས་རྒྱ་མིའི་དཔོན་རིགས་ཚོས་གསལ་བསྒྲགས་སྤེལ་བ་དེར་སྐྱོན་བརྗོད་གནང་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དྲིལ་བསྒྲགས་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་པ་རྒྱལ་མཚན་ལགས་རྣམ་གཉིས་ཀྱིས། ཚེས་༨ཉིན་བཞུགས་སྒར་རྡ་རམ་ས་ལར་གསར་འགོད་གསལ་བསྒྲགས་ཤིག་གནང་སྐབས་སྲིད་སྐྱོང་མཆོག་ནས། ས་གནས་རྒྱ་མིའི་དཔོན་རིགས་ཚོའི་གསལ་བསྒྲགས་ནང་ཕྱི་ནང་ལག་པ་མཉམ་འབྲེལ་བྱས་ནས་ངོ་རྒོལ་བྱས་ཚུལ་བཤད་ནས་བོད་མིའི་སྒྲིག་འཛུགས་དང་ལག་འབྲེལ་ཡོད་ཚུལ་མ་ཉེས་ཁ་གཡོག་དཀྲིས་པ་དེར་ངོས་ལེན་མེད་ཅེས་དང་། རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་བྱེད་མུས་དེ་ནི་བོད་མི་མང་ལ་ཕན་ཐོགས་མེད་པ་མ་ཟད། ཁྲིམས་མཐུན་ཡང་མིན་སྐོར་གསུངས་པ་དང་། གཏེར་ཁ་སྔོག་སྟངས་ཀྱང་རྫས་འདྲ་མིན་བླུག་པ་སོགས་ཀྱིས་རྐྱེན་པས་འཕྲལ་ཕུགས་རྒྱང་གསུམ་ལ་ཁོར་ཡུག་ལ་གནོད་སྐྱོན་དང་ས་གནས་མི་མང་ལ་དོ་ཕོག་ཆེན་པོ་གཏོང་གི་ཡོད་པ་རེད། རྒྱ་ནག་གི་ཁྲིམས་ནང་ཁོར་ཡུག་སྲུང་སྐྱོབ་དགོས་པ་གསལ་པོ་འཁོད་ཡོད་སྟབས་དེ་དག་ལག་བསྟར་མ་བྱས་པའི་རྐྱེན་གྱིས་ཉེ་ཆར་ཨ་མཆོག་ནང་བོད་མིས་ཞི་རྒོལ་གནང་ཡང་རྒྱ་ནག་གཞུང་གི་ཁྲིམས་དང་མཐུན་པ་དང་ཡ་རབས་བཟང་སྤྱོད་དང་མཐུན་པ་བརྗོད་འདུག
ཞི་བའི་སྒོ་ནས་ངོ་རྒོལ་གནང་མཁན་བོད་མི་ཚོར་རྡུང་རྡེག་དང་འཛིན་བཟུང་བྱས་པ་དེ་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འགལ་བ་མ་ཟད། དེ་ནི་རྒྱལ་སྤྱིའི་ཁྲིམས་དང་རྒྱ་ནག་རང་ཉིད་ཀྱི་ཁྲིམས་དང་འགལ་ཟླ་ཡིན་སྐོར་གསུངས་འདུག།  
སྐབས་དེར་དྲིལ་བསྒྲགས་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་པ་རྒྱལ་མཚན་ལགས་ཀྱིས། བོད་ནང་ཕྱི་ལོ་༢༠༠༩་ལོ་ནས་བཟུང་ཁོར་ཡུག་སྲུང་སྐྱོབ་ཆེད་བོད་མི་རྣམས་ཀྱིས་ཞི་རྒོལ་ལས་འགུལ་༣༠་ཙམ་སྤེལ་བ་མཁྱེན་རྟོག་བྱུང་པ་དང་། བོད་ཀྱི་གནས་རི་སོགས་སྲུང་སྐྱོབ་བྱེད་པའི་ལུགས་སྲོལ་ལ་རྒྱལ་སྤྱིའི་ཞིབ་འཇུག་པ་མང་པོས་ཁོར་ཡུག་སྲུང་སྐྱོབ་ལ་ཕན་ཐོགས་ཆེན་པོ་བྱུང་བའི་སྙན་ཐོ་མང་པོ་བཏོན་ཡོད།
འདི་ཚེས་༣་ཨ་མཆོག་གྲོང་བརྡལ་མི་དམངས་སྲིད་གཞུང་དང་། ཨ་མཆོག་གྲོང་བརྡལ་ཡ་རུ་རྒྱུད་དོན་གཅོད་ཁང་གཉིས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་། ཨ་མཆོག་གི་ངོ་རྒོལ་བ་ཚོས་ཕྱི་རྒྱལ་གྱི་བོད་པར་འབྲེལ་བ་བཙུགས་ནས་དོན་དངོས་འཁྱོག་བརྗོད་དང་འུད་བསྟོད་ཆེན་པོ་བྱས་པས་སྤྱི་ཚོགས་ཐོག་ཤུགས་རྐྱེན་དང་མཇུག་འབྲས་ངན་པ་བཟོས་སོང་བ་སོགས་འཁོད་ཡོད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎